༩
དེ་ནས་ཨ་དར་བྱ་བའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་པ་ལ། རྒྱལ་པོའི་བཀའ་དང་གསུང་བཞིན་དུ་བྱེད་པའི་དུས་བསླེབ་སྟེ། དགྲ་བོ་རྣམས་ཀྱིས་ཡ་ཧུ་དཱ་པ་རྣམས་ལ་དབང་ཡོད་བྱེད་པའི་རེ་བ་བྱས་ཀྱང་། དེ་བཞིན་དུ་མ་བྱུང་བར། ཡ་ཧུ་དཱ་པ་རྣམས་ཀྱིས་རང་གི་དགྲ་བོ་ཀུན་ལ་དབང་ཡོད་བྱས་པའི་ཉིན་དེ་རང་ལ། ༢ ཡ་ཧུ་དཱ་པ་རྣམས་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་སྡེ་ཁག་ཐམས་ཅད་དུ་རང་རང་གི་གྲོང་ཁྱེར་ལ་གནོད་སྐྱེལ་བར་འདོད་པ་ཀུན་ལ་ལག་དར་དུ་འདུས། མི་ཐམས་ཅད་དེ་དག་ལ་འཇིགས་པས། སུས་ཀྱང་འགྲན་མ་ནུས་སོ། ༣ སྡེ་ཁག་ཀུན་གྱི་དཔོན་པོ་དང་། རྒྱལ་ཕྲན་དང་། བློན་པོ་དང་། རྒྱལ་པོའི་ལས་ཚན་པ་ཀུན་གྱིས་མར་དོ་ཀཱ་ཨིའི་རབ་ངད་ཀྱིས་ཡ་ཧུ་དཱ་པ་རྣམས་ལ་དཔུང་གྲོགས་བྱས་སོ། ༤ ཡང་མར་དོ་ཀཱ་ཨི་ནི་རྒྱལ་པོའི་ཕོ་བྲང་དུ་ཆེ་བར་གྱུར་ཏེ། དེའི་སྙན་གྲགས་སྡེ་ཁག་ཐམས་ཅད་དུ་དར་ཏེ། མར་དོ་ཀཱ་ཨི་མི་འདི་ཆེ་རུ་ཆེ་རུ་སོང་ངོ་། ༥ དེ་ལྟར་ཡ་ཧུ་དཱ་པ་རྣམས་ཀྱིས་རང་གི་དགྲ་བོ་ཐམས་ཅད་ལ་རལ་གྲི་བརྒྱབ་སྟེ་བསད་ཅིང་མེད་པར་བྱས་ནས། སྡང་མཁན་ཀུན་ལ་འདོད་པ་དེ་བྱས་ཏེ། ༦ ཤུ་ཤན་རྒྱལ་སའི་ནང་དུ་མི་ལྔ་བརྒྱ་བསད་ནས་མེད་པར་བྱས་སོ། ༧ དེའི་ཁྲོད་དུ་པར་ཤན་ད་ཐཱ་དང་། དལ་ཕོན་དང་། ཨས་པ་ཐཱ་དང་། ༨ ཕོ་ར་ཐཱ་དང་། ཨ་དལ་ཡཱ་དང་། ཨ་རི་ད་ཐཱ་དང་། ༩ ཕར་མས་ཐཱ་དང་། ཨ་རི་ས་ཨི་དང་། ཨ་རིད་ཨི་དང་། ཝ་ཡེ་ཟ་ཐཱ་བྱ་བ། ༡༠ ཧམ་མེ་དཱ་ཐཱའི་བུ་ཡ་ཧུ་དཱ་པ་རྣམས་ཀྱི་དགྲ་བོ་ཧ་མན་གྱི་བུ་བཅུ་པོ་འདི་དག་ཀྱང་བསད་ཀྱིས། བཅོམ་ནོར་ལ་ལག་པ་མ་རེག་གོ།༡༡ ཤུ་ཤན་རྒྱལ་ས་རུ་བསད་པའི་སྡོམ་གྲངས། ཉིན་དེ་ལ་རྒྱལ་པོའི་དྲུང་དུ་ཞུས་པས། ༡༢ རྒྱལ་པོས་ཨེས་ཐེར་རྒྱལ་མོ་ལ། ཡ་ཧུ་དཱ་པ་རྣམས་ཀྱིས་ཤུ་ཤན་རྒྱལ་ས་རུ་མི་ལྔ་བརྒྱ་དང་། ཧ་མན་གྱི་བུ་བཅུ་པོ་བསད་དེ་མེད་པར་བྱས་པས། རྒྱལ་པོའི་སྡེ་ཁག་གཞན་རྣམས་ཀྱི་ནང་དུ་དེ་དག་གིས་ཅིའང་བྱས་ཡོད་འགྲོ། ཁྱོད་ཀྱི་ཞུ་བ་ཅི་ཡོད། ངས་གནང་བར་བྱ། ད་དུང་ཡང་ཅི་འདོད། དེ་ནི་སྒྲུབ་པར་བྱའོ་ཞེས་སྨྲས་སོ། ༡༣ དེ་ནས་ཨེས་ཐེར་གྱིས། གལ་ཏེ་རྒྱལ་པོ་ཐུགས་དགྱེས་ན། ཤུ་ཤན་ན་ཡོད་པའི་ཡ་ཧུ་དཱ་པ་རྣམས་ལ། དེ་རིང་གི་བཀའ་སྩལ་བ་བཞིན་དུ་སང་ཡང་བྱེད་པ་དང་། ཧ་མན་གྱི་བུ་བཅུ་པོ་འཕྱར་ཤིང་ལ་འཕྱར་བར་གནང་བར་མཛོད་ཅེས་ཞུས་པས། ༡༤ རྒྱལ་པོས་ཤུ་ཤན་དུ་བཀའ་རྒྱ་བཏང་ནས། དེ་ལྟར་བྱེད་པར་གནང་སྟེ། ཧ་མན་གྱི་བུ་བཅུ་པོ་ཡང་འཕྱར་ཤིང་ལ་འཕྱར་དུ་བཅུག་གོ། ༡༥ དེ་ནས་ཤུ་ཤན་ན་ཡོད་པའི་ཡ་ཧུ་དཱ་པ་རྣམས་ཨ་དར་ཟླ་བའི་ཚེས་བཅུ་བཞི་པ་ལའང་འདུས་ཏེ། མི་གསུམ་བརྒྱ་བསད་ཀྱིས། བཅོམ་ནོར་ལ་ལག་པ་མ་རེག་གོ།
༡༦ ཡང་རྒྱལ་པོའི་སྡེ་ཁག་རྣམས་ཀྱི་ནང་ཡོད་པའི་ཡ་ཧུ་དཱ་པ་གཞན་རྣམས་ཀྱང་འདུས་ཏེ། རང་གི་སྲོག་གི་ཕྱིར་ལྡང་ཞིང་། དགྲ་བོ་རྣམས་ལས་སེམས་དལ་རྙེད་པའི་ཕྱིར་རང་གི་དགྲ་བོ་རྣམས་ཀྱི་ནང་ནས་སྟོང་བདུན་ཅུ་དོན་ལྔ་བསད་ཀྱིས། བཅོམ་ནོར་ལ་ལག་པ་མ་རེག་གོ། ༡༧ ཨ་དར་ཟླ་བའི་ཚེས་བཅུ་གསུམ་པ་ལ་དེ་ལྟར་བྱས། ཚེས་བཅུ་བཞི་པ་ལ་ངལ་སོས་ཤིང་། སྟོན་མོ་དང་དགའ་སྤྲོའི་ཞག་ཏུ་བྱས་སོ། ༡༨ འོན་ཀྱང་ཤུ་ཤན་ན་ཡོད་པའི་ཡ་ཧུ་དཱ་པ་ཀུན་ཟླ་བ་དེའི་ཚེས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་པོར་འདུས་ནས། ཟླ་བ་དེའི་ཚེས་བཅོ་ལྔ་པ་ལ་ངལ་སོས་ཤིང་། སྟོན་མོ་དང་དགའ་སྤྲོའི་ཞག་ཏུ་བྱས་སོ། ༡༩ དེའི་ཕྱིར་ཡུལ་ཚོའམ། གྲོང་རྡལ་ལ་གནས་པའི་ཡ་ཧུ་དཱ་པ་རྣམས་ཀྱིས། ཨ་དར་ཟླ་བའི་ཚེས་བཅུ་བཞི་པ་དེ་ནི། དགའ་སྤྲོ་དང་སྟོན་མོ་དང་། གཅིག་གིས་གཅིག་ལ་སྐལ་བ་རྫོང་བའི་ཞག་བཟང་བྱེད་དོ༎
༢༠ མར་དོ་ཀཱ་ཨིས་འདིའི་སྐོར་དུ་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་ཐག་རིང་དང་ཉེ་བར་ཡོད་པའི་སྡེ་ཁག་ཀུན་ཏུ་གནས་པའི་ཡ་ཧུ་དཱ་པ་ཚང་མ་ལ་ཡི་གེ་སྐུར་ཞིང་འདི་སྐད་དུ། ༢༡ ཨ་དར་ཟླ་བའི་ཚེས་བཅུ་བཞི་པ་དང་བཅོ་ལྔ་པ་གཉིས་པོ་ལོ་ལྟར་སྲུང་དགོས། ༢༢ ཉིན་དེ་གཉིས་ནང་ཡ་ཧུ་དཱ་པ་རྣམས་རང་གི་དགྲ་བོ་རྣམས་ནས་སེམས་དལ་བརྙེད་དེ། སྡུག་བསྔལ་ནས་དགའ་སྤྲོ་དང་། མྱ་ངན་ནས་ཞག་བཟང་དུ་གྱུར་པའི་ཟླ་བ་དེ་ཡིན་པས། སྟོན་མོ་དང་དགའ་སྤྲོ་བྱེད་ཅིང་། གཅིག་གིས་གཅིག་ལ་སྐལ་བ་རྫོང་ཞིང་། དབུལ་ཕོངས་ལ་སྦྱིན་པ་སྦྱིན་པའི་ཞག་བཟང་དུ་ཉིན་མོ་དེ་གཉིས་སྲུངས་ཤིག་ཅེས་བསྒོའོ༎
༢༣ དེར་ཡ་ཧུ་དཱ་པ་རྣམས་ཀྱིས་རང་གི་ཕྱོགས་ནས་བཙུགས་པ་དང་། མར་དོ་ཀཱ་ཨིས་དེ་དག་ལ་བྲིས་པ་བཞིན་དུ་བྱེད་པར་ཁས་བླངས་སོ། ༢༤ དེ་ཅིའི་ཕྱིར་ཞེ་ན། ཨ་གག་པ་ཧམ་མེ་དཱ་ཐཱའི་བུ་ཡ་ཧུ་དཱ་པ་ཐམས་ཅད་ཀྱི་དགྲ་བོ་ཧ་མན་གྱིས། ཡ་ཧུ་དཱ་པ་རྣམས་མེད་པར་བྱེད་དུ་གྲོས་ངན་བཏབ་ནས། དེ་རྣམས་མེད་པར་བྱེད་པ་དང་། གསོད་པའི་ཕྱིར་པུར་བྱ་བའི་མོ་བཏབ་ནའང་། ༢༥ ཨེས་ཐེར་ནི་རྒྱལ་པོའི་དྲུང་དུ་ཕྱིན་ཏེ། དེས་ཡི་གེ་བྲིས་ཤིང་། ཡ་ཧུ་དཱ་པ་རྣམས་ཀྱི་ཕྱིར་བཏབ་པའི་གྲོས་ངན་དགྲ་བོ་དེ་རང་གི་མགོའི་ཐོག་ཏུ་ལོག་ཅིང་། ཁོ་རང་བུ་རྣམས་དང་བཅས་སུ་འཕྱར་ཤིང་གི་ཁར་འཕྱར་བའི་བཀའ་སྩལ་ཏེ། ༢༦ དེའི་ཕྱིར་ཞག་འདི་དག་ལ་པུར་གྱི་མིང་ལས་པུ་རིམ་བཏགས་སོ། དེའང་ཡི་གེ་དེའི་ཚིག་དང་། དེ་དག་རང་གིས་མཐོང་བ་དང་། དེ་དག་ལ་བྱུང་བ་ཐམས་ཅད་ལ་བརྟེན་ཏེ། ༢༧ ཡ་ཧུ་དཱ་པ་རྣམས་ཀྱིས་རང་དང་། བུ་བརྒྱུད་དང་། རང་གི་ཁྲོད་དུ་འདྲེས་པ་ཐམས་ཅད་ཀྱིས་བསྲུང་བའི་ཁྲིམས་ཤིག་བཙུགས་སོ། ཡི་གེར་བྲིས་པ་དང་དུས་བཙུགས་པ་བཞིན་དུ། ལོ་ལྟར་ནམ་ཡང་མ་ཆད་པར། ཞག་དེ་གཉིས་སྲུང་བ་དང་། ༢༨ ཞག་དེ་གཉིས་དྲན་ཅིང་། མི་རབས་རེ་རེ་དང་། མི་ཚང་རེ་རེ་དང་། ཡུལ་ཁག་རེ་རེ་དང་། གྲོང་ཁྱེར་རེ་རེ་ན་སྲུང་བ་དང་། པུ་རིམ་གྱི་ཞག་འདི་དག་ཡ་ཧུ་དཱ་པ་རྣམས་ཀྱི་ཁྲོད་དུ་ཆད་ཀྱང་མི་རུང་། བརྒྱུད་ཀྱིས་བརྗེད་ཀྱང་མི་རུང་ངོ་བྱས་ནས། ཁྲིམས་སུ་བཙུགས་སོ༎
༢༩ དེ་ནས་ཨ་བི་ཧ་ཨིལ་གྱི་བུ་མོ་ཡིན་པའི་རྒྱལ་མོ་ཨེས་ཐེར་དང་། ཡ་ཧུ་དཱ་པ་མར་དོ་ཀཱ་ཨི་གཉིས་ཀྱིས། པུ་རིམ་གྱི་བཅའ་ཁྲ་གཉིས་པ་འདི་གཏན་ལ་འབེབས་པའི་ཕྱིར་དབང་ཙམ་ཡོད་ཀྱིས་བྲིས་ཏེ། ༣༠ ཡི་གེ་དེ་རྣམས་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་རྒྱལ་ཁམས་ཀྱི་སྡེ་ཁག་བརྒྱ་དང་ཉེར་བདུན་ནང་ཡོད་པའི་ཡ་ཧུ་དཱ་པ་ཐམས་ཅད་ལ། ཞི་བདེ་དང་བཀྲ་ཤིས་པའི་གཏམ་དང་བཅས་སུ་བསྐུར་ཏེ། ༣༡ ཡ་ཧུ་དཱ་པ་མར་དོ་ཀཱ་ཨི་དང་རྒྱལ་མོ་ཨེས་ཐེར་གཉིས་དང་། དེ་དག་རང་དང་རང་གི་བུ་བརྒྱུད་ཀྱི་ཕྱིར་བཙུགས་པའི་པུ་རིམ་གྱི་དུས་ཆེན་འདི་སྲུང་ཞིང་། སྨྱུང་གནས་སྲུང་བ་དང་ཆོ་ངེས་བྱེད་པའི་ཁྲིམས་ཀྱང་སྲུང་བའི་རིགས་སོ་བསྒོ་བས། ༣༢ ཨེས་ཐེར་གྱིས་བཀའ་སྩལ་པ་བཞིན་པུ་རིམ་གྱི་ཁྲིམས་འདི་རྣམས་གཏན་ལ་ཕབ་ནས་དཔེ་ཆའི་ནང་དུ་བྲིས་སོ༎