༡༣
དུས་དེ་ལ་མི་ཚོགས་ཀྱི་རྣ་བའི་མདུན་དུ་མོ་ཤེའི་མདོ་དེ་བཀླགས་པ་ལས། དེའི་ནང་ན། ཨམ་མོན་པ་དང་མོ་ཨབ་པ་རྣམས་ནི་དཀོན་མཆོག་གི་མི་ཚོགས་ཀྱི་ཁྲོད་དུ་ནམ་ཡང་འདྲེ་བར་མི་ཆོག ༢ དེ་ཅིའི་ཕྱིར་ཞེ་ན། དེ་གཉིས་ཀྱིས་ཨིས་ར་ཨེལ་གྱི་བུ་རྣམས་ལ་བག་ལེབ་དང་ཆུ་འཁུར་ནས་བསུ་བར་མ་འོང་བར། དེ་རྣམས་ལ་དམོད་པ་འདེབས་སུ་བ་ལ་ཨམ་ལ་རྔན་པ་བསྟེར་ཏོ། ངེད་ཀྱི་དཀོན་མཆོག་གིས་དམོད་པ་དེ་བྱིན་རླབས་སུ་བསྒྱུར་བར་མཛད་དོ་ཞེས་བྲིས་པ་དང་ཕྲད་དེ། ༣ བཀའ་དེ་ཐོས་པའི་ཚེ། དེ་དག་གིས་ཨིས་ར་ཨེལ་གྱི་ཁྲོད་ནས་ཕྱི་པ་རྣམས་དང་འདྲེས་ཡོད་པ་ཐམས་ཅད་སོ་སོར་ཕྱེས་སོ༎༤ ཡང་འདི་ལས་སྔར་ངེད་ཀྱི་དཀོན་མཆོག་གི་ཕོ་བྲང་གི་མཛོད་རྣམས་ཀྱི་ཕྱག་མཛོད་ཡིན་པའི་བླ་མ་ཨེལ་ཡཱ་ཤིབ་ནི་ཏོ་བི་ཡཱའི་གཉེན་ཡིན་པས། ༥ དེ་ལ་ནང་ཆེན་པོ་ཞིག་ཁྲིག་བཟོས་ཡོད་པ་ཡིན། དེའི་ནང་ན་སྔར་སྲོལ་བཞིན་དུ་ཞལ་ཟས་དང་། སྤོས་དང་། སྣོད་རྣམས་དང་། འབྲུ་དང་རྒུན་ཆང་དང་སྣུམ་གྱི་བཅུ་ཁག་རྣམས་བཀའ་བཞིན་དུ་ལེ་ཝི་པ་དང་། མགུར་ལེན་མཁན་དང་། སྒོ་བསྲུང་པ་རྣམས་ཀྱི་ཐོབ་ཐང་ཡིན་པ་དེ་བཞག་ཡོད་པ་ཡིན། བླ་མ་རྣམས་ཀྱི་འབུལ་བ་རྣམས་ཀྱང་དེར་ཡོད་པ་ཡིན་ནོ། ༦ འོན་ཀྱང་དེའི་དུས་སུ་ང་ནི་ཡེ་རུ་ཤ་ལེམ་དུ་ཡོང་མེད་པ་ཡིན། གར་ཡོད་པ་ཡིན་ཞེ་ན། བཱ་བེལ་རྒྱལ་པོ་ཨར་ཐག་ཤས་ཐཱའི་ལོ་སོ་གཉིས་པར་ང་རྒྱལ་པོ་དེའི་དྲུང་དུ་ཕྱིན་པ་དང་། དུས་རེ་ཞིག་ནས་ང་ལ་རྒྱལ་པོ་ནས་དགོངས་པ་ཐོབ་སྟེ། ༧ ཡེ་རུ་ཤ་ལེམ་དུ་བསླེབས་ནས། ཨེལ་ཡཱ་ཤིབ་ཀྱིས་དཀོན་མཆོག་གི་ཕོ་བྲང་གི་ཚོམས་སྐོར་དུ་ཏོ་བི་ཡཱའི་ཆེད་དུ་ནང་མིག་ཅིག་བཟོས་པའི་མི་རིགས་པ་དེ་བརྟགས་ནས། ༨ ང་ལ་སེམས་ཁྲལ་ཆེན་པོ་བྱུང་ནས། ངས་ཏོ་བི་ཡཱའི་ཁྱིམ་གྱི་ནོར་རྫས་ཐམས་ཅད་ནང་མིག་དེའི་ནང་ནས་བཏོན་ཏེ་ཕངས་སོ། ༩ དེ་ནས་ངས་བཀའ་བཀོད་དེ། ནང་མིག་དེ་རྣམས་གཙང་མ་བྱེད་དུ་བཅུག་སྟེ། དཀོན་མཆོག་གི་ཕོ་བྲང་གི་སྣོད་རྣམས་དང་། ཞལ་ཟས་དང་། སྤོས་རྣམས་སླར་དེའི་ནང་དུ་བཞག་གོ།
༡༠ ཡང་ངས་ལེ་ཝི་པ་རྣམས་ལ་ཕོགས་མ་བསྟེར་བས། ཞབས་ཏོག་བྱེད་པའི་ལེ་ཝི་པ་དང་མགུར་ལེན་མཁན་ཀུན་རང་རང་གི་གཞིས་ཀར་བྲོས་སོང་བ་ཧ་གོ་བ་དང་། ༡༡ དཔོན་པོ་དག་ལ་བཀྱོན་ཞིང་། ཅིའི་ཕྱིར་དཀོན་མཆོག་གི་ཕོ་བྲང་སྤངས་བཞག་པ་ཡིན་ཟེར་ཏེ། དེ་དག་བསྡུས་ཏེ། རང་རང་གི་ལས་སྣེར་བཞག་གོ། ༡༢ དེ་ནས་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་འབྲུ་དང་རྒུན་ཆང་གསར་བ་དང་སྣུམ་གྱི་བཅུ་ཁག་རྣམས་དཀོར་མཛོད་དུ་བསྐྱལ་བྱུང་། ༡༣ ཡང་ངས་བླ་མ་ཤེ་ལེམ་ཡཱ་དང་། ཆོས་ལ་མཁས་པའི་ཙ་དོག་དང་། ལེ་ཝི་པ་རྣམས་ཀྱི་ནང་ནས་པེ་ད་ཡཱ་བྱ་བ་གསུམ་པོ་དཀོར་མཛོད་ཀྱི་གཉེར་པར་བསྐོས་ཏེ། དེ་དག་གི་གཉེར་གཡོག་ཏུ་མད་ཐན་ཡཱའི་ཚ་བོའམ་ཟག་ཀུར་གྱི་བུ་ཧ་ནན་བཞག་གོ། དེ་དག་བློ་དྲང་པོའི་ནང་མིང་ཅན་ཡིན་ཏེ། རང་གི་སྤུན་རྣམས་ལ་འགྲེམ་པར་ནི་དེ་དག་གི་ལས་ཚན་ཡོད་པ་ཡིན་ནོ། ༡༤ ཀྱེ་ངའི་དཀོན་མཆོག ངས་རང་གི་དཀོན་མཆོག་གི་ཕོ་བྲང་དང་དེའི་ཞབས་ཏོག་གི་དོན་དུ་བྱས་པའི་ལས་བཟང་རྣམས་ཐུགས་བསྙེལ་བར་མ་མཛད་པར། འདིའི་ཕྱིར་དུའང་བདག་དྲན་དུ་གསོལ་ལོ༎
༡༥ དེའི་དུས་སུ་ངས་ཡ་ཧུ་དཱ་རུ་མི་ཁ་ཤས་ཀྱིས་ཤབ་བཱད་ཀྱི་ཉིན་པར་རྒུན་ཆང་འཚིར་བ་དང་། ལབ་ཙེ་སྐྱེལ་བ་དང་། བོང་བུ་ལ་ཁལ་འགེལ་བ་དང་། རྒུན་ཆང་དང་རྒུན་འབྲུམ་དང་སེ་ཡབ་དང་ཁུར་པོ་གང་རུང་ཡེ་རུ་ཤ་ལེམ་དུ་ཤབ་བཱད་ཀྱི་ཉིན་མོར་སྐྱེལ་བ་མཐོང་ནས། རྒྱགས་འཚོང་བའི་ཉིན་པར་ངས་དེ་དག་ལ་དཔང་ཕུད་པ་ཡིན། ༡༦ དེ་མ་ཟད། དེར་གནས་པའི་ཚོར་པ་འགའ་ཞིག་གིས་ཉ་དང་ཚོང་རིགས་ཐམས་ཅད་དྲངས་ནས། ཡ་ཧུ་དཱའི་བུ་རྣམས་ལ་ཡེ་རུ་ཤ་ལེམ་དུ་ཤབ་བཱད་ཀྱི་ཉིན་མོར་བཙོངས་པས། ༡༧ དེར་ངས་ཡ་ཧུ་དཱའི་དྲག་རིགས་རྣམས་ལ་འཛིང་ཞིང་། ཁྱོད་ཅག་གིས་ཤབ་བཱད་ཀྱི་ཉིན་མོ་བརླགས་སུ་འཇུག་པའི་ལས་ངན་པ་འདི་ཇི་ལྟར་བྱེད། ༡༨ ཁྱོད་རྣམས་ཀྱི་ཕ་མེས་རྣམས་ཀྱིས་ཀྱང་དེ་ལྟར་བྱས་པ་མ་ཡིན་ནམ། ཡང་བདག་ཅག་གི་དཀོན་མཆོག་གིས་ང་རང་ཚོ་དང་། གྲོང་ཁྱེར་འདིའི་ཐོག་ཏུ་གནོད་པ་འདི་ཚང་མ་མ་ཕབ་བམ། ད་དུང་ཡང་ཁྱོད་ཅག་གིས་ཤབ་བཱད་བརླབས་སུ་འཇུག་ཅིང་། ཨིས་ར་ཨེལ་ལ་ཁོང་གི་ཐུགས་ཁྲོ་ལྷག་པར་འགུག་པར་བྱེད་དོ་ཞེས་སྨྲས་སོ༎
༡༩ དེས་མ་ཟད་པར། ཤབ་བཱད་མ་ཞུགས་པའི་སྔོན་དུ་རྟ་སྒོའི་ནང་ས་རུབ་ཁར་ཡེ་རུ་ཤ་ལེམ་གྱི་རྟ་སྒོ་ཐམས་ཅད་ཀྱི་སྒོ་རྣམས་རྒྱབ་པ་དང་། ཤབ་བཱད་མ་རྫོགས་པའི་བར་དུ་མི་འབྱེད་པའི་ཕྱིར་ངས་བསྒོ་བ་ཡིན། ཡང་ཤབ་བཱད་ཀྱི་ཉིན་མོར་ཁལ་གང་ཡང་ནང་དུ་མི་འདྲེན་པའི་ཕྱིར་ངའི་གཡོག་པོ་འགའ་ཞིག་རྟ་སྒོ་རྣམས་སུ་བཞག་གོ། ༢༠ དེའི་རྐྱེན་གྱིས་ཚོང་པ་དང་ཚོང་རིགས་སྣ་ཚོགས་འཚོང་མཁན་རྣམས་ལན་གཅིག་གཉིས་ཡེ་རུ་ཤ་ལེམ་གྱི་ཕྱི་རོལ་དུ་དགོངས་ལ་བསྡད་པས། ༢༡ ངས་དེ་དག་ལ་འཛིང་ཞིང་། མཚན་མོར་ཅིའི་ཕྱིར་ལྕགས་རིའི་གན་དུ་སྡོད། ཡང་སྐྱར་འདི་འདྲ་བྱེད་ན། ངས་ཁྱོད་ཚོ་ལ་ལག་དར་བར་བྱའོ་སྨྲས་པས། དེ་ཕྱིན་ཆད་ཤབ་བཱད་ཀྱི་ཉིན་མོར་མ་འོངས་སོ། ༢༢ དེར་ངས་ལེ་ཝི་པ་རྣམས་ལ། གཙང་སྦྲ་བྱས་ཏེ། ཤབ་བཱད་ཀྱི་ཉིན་མོ་དམ་པར་བྱེད་དུ་རྟ་སྒོ་རྣམས་སྲུང་དུ་ཤོག་ཅིག་ཅེས་བསྒོ་བ་ཡིན་ནོ། ཀྱེ་ངའི་དཀོན་མཆོག འདིའི་ཕྱིར་དུའང་བདག་དྲན་པར་མཛོད། ཁྱེད་ཀྱི་ཐུགས་བརྩེ་བའི་ཆེ་ཁྱད་ལ་དཔག་ནས་བདག་ལ་གཟིགས་སུ་གསོལ་ལོ༎
༢༣ དེའི་དུས་སུ་ཡ་ཧུ་དཱ་པ་འགའ་ཞིག་གིས་ཨས་དོད་མ་དང་། ཨམ་མོན་མ་དང་། མོ་ཨབ་ལ་ཆུང་མར་བླངས་པ་ངས་མཐོང་བྱུང་། ༢༤ དེ་དག་གི་ཕྲུ་གུ་རྣམས་ཀྱིས་ཕྱེད་ཨས་དོད་ཀྱི་སྐད་ལབ་པ་དང་། ཡ་ཧུ་དཱའི་སྐད་ལབ་མ་ཐུབ་པར། དེ་དག་གི་སྐད་བཞིན་དུ་ལབ་པས། ༢༥ ངས་དེ་དག་ལ་འཛིང་ཞིང་། དམོད་པ་བཏབ་སྟེ། འགའ་ཞིག་ལ་བརྡུངས་ནས། དེ་དག་གི་སྐྲ་ཡང་འབལ་ཞིང་། རང་གི་བུ་མོ་དེ་དག་གི་བུ་རྣམས་ལ་མི་གཏོང་བ་དང་། དེ་དག་གི་བུ་མོ་རྣམས་རང་དང་རང་གི་བུའི་ཆུང་མར་མི་ལེན་དུ་དཀོན་མཆོག་གི་མནའ་སྐྱེལ་བཅུག་པ་ཡིན། ༢༦ བྱ་བ་འདིའི་ནང་ན་ཨིས་ར་ཨེལ་གྱི་རྒྱལ་པོ་ཤ་ལོ་མོས་ཀྱང་སྡིག་པ་མ་བྱས་སམ། འོན་ཀྱང་དེ་ནི་རང་གི་དཀོན་མཆོག་གི་གཅེས་པ་དང་། མི་བརྒྱུད་མང་ཆེ་བའི་ནང་དུ་ཁོང་འདྲ་མེད་པ་ཨིས་ར་ཨེལ་ཐམས་ཅད་ཀྱི་རྒྱལ་པོར་བསྐོས་པའི་རྒྱལ་པོ་ཡོད་ནའང་། ཕྱི་པའི་བུད་མེད་རྣམས་ཀྱིས་ཁོང་ཡང་སྡིག་པའི་ནང་དུ་ལྟུང་དུ་བཅུག་གོ། ༢༧ ང་ཚོས་ཁྱོད་ཅག་ལ་ཉན་ཏེ། ཕྱི་པའི་བུད་མེད་ཆུང་མར་ལེན་པའི་སྒོ་ནས་ངེད་ཀྱི་དཀོན་མཆོག་གི་བཀའ་ལས་འགལ་བའི་ངན་པ་ཆེན་པོ་འདི་ཐམས་ཅད་བྱེད་དུ་རུང་ངམ།
༢༨ ཡང་བླ་མ་ཆེན་པོ་ཨེལ་ཡཱ་ཤིབ་ཀྱི་བུ་ཡེ་ཧོ་ཡ་དཱའི་བུ་རྣམས་ཀྱི་ནང་ནས་གཅིག་ནི་ཧོ་རོན་པ་སན་བལ་ལད་ཀྱི་མག་པར་ཡོད་པས། ངས་མི་དེ་རང་གི་མདུན་ལས་བསྐྲད་པ་ཡིན། ༢༩ ཀྱེ་ངའི་དཀོན་མཆོག དེ་དག་གིས་བླ་མའི་ཚུལ་དང་། བླ་མ་དང་ལེ་ཝི་པ་རྣམས་ཀྱི་དམ་བཅའ་མི་གཙང་བར་བྱས་པས། དེ་དག་དྲན་པར་མཛོད་ཅིག