༡༢
ཤེ་ཨལ་ཏི་ཨེལ་གྱི་བུ་ཟེ་རུབ་བཱ་བེལ་དང་ཡེ་ཤུ་ཨ་གཉིས་དང་མཉམ་དུ་ཡར་འོངས་པའི་བླ་མ་དང་ལེ་ཝི་པ་རྣམས་ནི། སེ་ར་ཡཱ། ཡེ་རེམ་ཡཱ། ཨེས་རཱ་དང་། ༢ ཨ་མར་ཡཱ། མལ་ལུག ཧད་ཏུས་དང་། ༣ ཤེ་ཀན་ཡཱ། རེ་ཧུམ། མེ་རེ་མོད་དང་། ༤ ཨིད་དོ། གིན་ནེ་ཐོན། ཨ་བི་ཡཱ་དང་། ༥ མི་ཡཱ་མིན། མ་ཨད་ཡཱ། བིལ་གཱ་དང་། ༦ ཤེ་མ་ཡཱ། ཡོ་ཡཱ་རིབ། ཡེ་ད་ཡཱ་དང་། ༧ སལ་ལུ། ཨ་མོག ཧིལ་ཀི་ཡཱ། ཡེ་ད་ཡཱ་དང་ཉེར་གཉིས་སོ། ཡེ་ཤུ་ཨའི་དུས་སུ་དེ་རྣམས་ནི་བླ་མ་དང་། སྤུན་རྣམས་ཀྱི་དཔོན་པོ་ཡོད་པ་ཡིན།༨ ཡང་ལེ་ཝི་པ་རྣམས་ནི། ཡེ་ཤུ་ཨ། བིན་ནུ་ཨི། ཀད་མི་ཨེལ། ཤེ་རབ་ཡཱ། ཡུ་དཱ། མད་ཐན་ཡཱ་དང་དྲུག་གོ། མད་ཐན་ཡཱ་དེ་ལ་རང་གི་སྤུན་རྣམས་དང་བཅས་སུ་གཏང་རག་གི་མགུར་མ་ལེན་པའི་ཁག་ཡོད་པ་ཡིན། ༩ དེ་མ་ཟད་དེ་དག་གི་སྤུན་བག་བུག་ཡཱ་དང་ཨུན་ནི་གཉིས་ཀྱིས་དེ་དག་གི་མདུན་དུ་རང་སྐལ་གྱི་ལས་བྱས་སོ༎
༡༠ ཡང་ཡེ་ཤུ་ཨ་ལས་ཡོ་ཡཱ་ཀིམ་ཆད། དེ་ལས་ཨེལ་ཡཱ་ཤིབ། དེ་ལས་ཡེ་ཧོ་ཡ་དཱ། ༡༡ དེ་ལས་ཡོ་ན་ཐན། དེ་ལས་ཡད་དུ་ཨ་ཆད་དོ༎
༡༢ ཡོ་ཡཱ་ཀིམ་གྱི་དུས་སུ་བླ་མ་རྣམས་ཀྱི་ཕ་མེས་བརྒྱུད་ཀྱི་དཔོན་པོ་རྣམས་འདི་ལྟ་སྟེ། སེ་ར་ཡཱའི་ཕྱོགས་ལས་མེ་ར་ཡཱ། ཡེ་རེམ་ཡཱའི་ཕྱོགས་ལས་ཧ་ནན་ཡཱ། ༡༣ ཨེས་རཱའི་ཕྱོགས་ལས་མེ་ཤུལ་ལམ། ཨ་མར་ཡཱའི་ཕྱོགས་ལས་ཡོ་ཧ་ནན། ༡༤ མེ་ལི་ཀུའི་ཕྱོགས་ལས་ཡོ་ན་ཐན། ཤེ་བན་ཡཱའི་ཕྱོགས་ལས་ཡོ་སེབ། ༡༥ ཧ་རིམ་གྱི་ཕྱོགས་ལས་ཨད་ནཱ། མེ་ར་ཡོད་ཀྱི་ཕྱོགས་ལས་ཧེལ་ཀཱ་ཨི། ༡༦ ཨིད་དོའི་ཕྱོགས་ལས་ཟ་ཀར་ཡཱ། གིན་ནེ་ཐོན་གྱི་ཕྱོགས་ལས་མེ་ཤུལ་ལམ་དང་། ༡༧ ཨ་བི་ཡཱའི་ཕྱོགས་ལས་ཟིག་རི། མིན་ཡ་མིན་གྱི་ཕྱོགས་ལས། མོ་ཨད་ཡཱའི་ཕྱོགས་ལས་པིལ་ཏཱ་ཨི། ༡༨ བིལ་གཱའི་ཕྱོགས་ལས་ཤམ་མུ་ཨ། ཤེ་མ་ཡཱའི་ཕྱོགས་ལས་ཡོ་ན་ཐན། ༡༩ ཡོ་ཡཱ་རིབ་ཀྱི་ཕྱོགས་ལས་མད་ཏེ་ནཱ་ཨི། ཡེ་ད་ཡཱའི་ཕྱོགས་ལས་ཨུ་ཟི། ༢༠ སལ་ལཱ་ཨིའི་ཕྱོགས་ལས་ཀལ་ལཱ་ཨི། ཨ་མོག་གི་ཕྱོགས་ལས་ཨེ་བེར། ༢༡ ཧིལ་ཀི་ཡཱའི་ཕྱོགས་ལས་ཧ་ཤབ་ཡཱ། ཡེ་ད་ཡཱའི་ཕྱོགས་ལས་ནེ་ཐན་ཨེལ་ཡོད་པ་ཡིན་ནོ༎
༢༢ ཨེལ་ཡཱ་ཤིབ་དང་། ཡེ་ཧོ་ཡ་དཱ་དང་ཡོ་ཧ་ནན་དང་ཡད་དུ་ཨའི་དུས་སུ། ལེ་ཝི་པའི་ཕ་མེས་བརྒྱུད་ཀྱི་དཔོན་པོ་རྣམས་ཀྱི་མིང་དང་། བླ་མ་རྣམས་ཀྱི་མིང་ཏ་ཟིག་གི་རྒྱལ་པོ་དར་ཡཱའི་རིང་དུ་དེབ་ནང་བཅུག་པ་ཡིན་ནོ། ༢༣ ལེ་ཝིའི་བུ་རྣམས་ཀྱི་ཕ་མེས་བརྒྱུད་ཀྱི་དཔོན་པོ་རྣམས་ཀྱི་མིང་ནི། ཨེལ་ཡཱ་ཤིབ་ཀྱི་བུ་ཡོ་ཧ་ནན་གྱི་དུས་ཀྱི་བར་དུ་སྔོན་རབས་ཀྱི་མདོ་ན་བྲིས་ཡོད་པ་ཡིན།
༢༤ ཡང་ལེ་ཝི་པ་རྣམས་ཀྱི་དཔོན་པོ་རྣམས་ནི། ཧ་ཤབ་ཡཱ་དང་ཤེ་རབ་ཡཱ་དང་ཀད་མི་ཨེལ་གྱི་བུ་ཡེ་ཤུ་ཨ་དང་གསུམ་ནི། རང་གི་སྤུན་རྣམས་དང་བཅས་སུ་དཀོན་མཆོག་གི་སྐྱེས་བུ་དཱ་བིད་ཀྱི་བཀའ་བཞིན་དུ་བསྟོད་པ་དང་གཏང་རག་འབུལ་དུ་ཐད་ཀར་སྡོད་པ་རྣམས་སོ། ༢༥ ཡང་སྒོ་པ་རྣམས་ནི། མད་ཐན་ཡཱ་དང་། བག་བུག་ཡཱ་དང་། ཨོ་བད་ཡཱ་དང་། མེ་ཤུལ་ལམ་དང་། ཏལ་མོན་དང་། ཨག་ཁུབ་དྲུག་གིས་རྟ་སྒོའི་མདུན་དུ་ཡོད་པའི་མཛོད་རྣམས་སྲུངས་སོ། ༢༦ ཡོ་ཚ་དག་གི་ཚ་བོའམ་ཡེ་ཤུ་ཨའི་བུ་ཡོ་ཡཱ་ཀིམ་དང་། སྡེ་དཔོན་ཆེན་པོ་ནེ་ཧེམ་ཡཱ་དང་། ཆོས་ལ་མཁས་པའི་བླ་མ་ཨེས་རཱའི་དུས་སུ་དེ་ལྟར་ཡོད་པ་ཡིན་ནོ༎
༢༧ ཡང་ཡེ་རུ་ཤ་ལེམ་གྱི་ལྕགས་རི་བསྔོ་བའི་ཚེ། སྤྲོ་བ་དང་། གཏང་རག་དང་། མགུར་མ་ལེན་པའི་ཆེད་དུ། སྦུག་ཆལ་དང་། པི་ཝང་དང་། སྒྲ་སྙན་གྱིས་ལྕགས་རི་བསྔོ་བའི་ཕྱིར་དུ། ལེ་ཝི་པ་རྣམས་དེ་དག་གི་ས་གནས་ཐམས་ཅད་ལས་བཙལ་ཏེ། ཡེ་རུ་ཤ་ལེམ་དུ་བཀུག་པ་ཡིན། ༢༨ དེ་ནས་མགུར་མ་ལེན་པའི་བུ་རྣམས་ཡེ་རུ་ཤ་ལེམ་གྱི་ཉེ་འཁོར་གྱི་ཐང་དང་། ནེ་ཏོ་ཕད་པའི་ཡུལ་ཚོ་རྣམས་དང་། ༢༩ བེད་གིལ་གལ་དང་། གེ་བཱ་དང་། ཨས་མ་ཝེད་ཀྱི་ཞིང་ཁ་རྣམས་ནས་འཛོམས་སོ། དེ་ཅིའི་ཕྱིར་ཞེ་ན། མགུར་མ་ལེན་པ་དེ་རྣམས་ཀྱིས་རང་གི་ཕྱིར་ཡེ་རུ་ཤ་ལེམ་གྱི་ཉེ་འཁོར་དུ་གྲོང་ཚོ་རྣམས་བཙུག་ཡོད་པ་ཡིན། ༣༠ ཡང་བླ་མ་དང་ལེ་ཝི་པ་རྣམས་ཀྱིས་རང་རང་སོ་སོ་ལ་གཙང་སྦྲ་བྱས་ནས། མི་སྡེ་དང་རྟ་སྒོ་དང་ལྕགས་རི་ལའང་གཙང་སྦྲ་བྱས་སོ༎
༣༡ དེ་ནས་ངས་ཡ་ཧུ་དཱའི་དྲག་རིགས་རྣམས་ལྕགས་རིའི་ཁར་བཞག་ནས། མགུར་མ་འབུལ་པ་རྣམས་ཀྱི་ཚོ་ཆེན་པོ་གཉིས་བྱས་ཏེ། ཚོ་གཅིག་གཡས་ཕྱོགས་སུ་ལྕགས་རིའི་སྟེང་དུ་ལུད་སྒོའི་ཕྱོགས་སུ་ཕྱིན་ཏོ། ༣༢ དེ་དག་གི་རྗེས་སུ་ཧོ་ཤ་ཡཱ་དང་། ཡ་ཧུ་དཱའི་དྲག་རིགས་ཀྱི་ཕྱེད་དང་། ༣༣ ཨ་ཟར་ཡཱ་དང་། ཨེས་རཱ་དང་། མེ་ཤུལ་ལམ་དང་། ༣༤ ཡུ་དཱ་དང་། བེན་ཡ་མིན་དང་། ཤེ་མ་ཡཱ་དང་། ཡེ་རེམ་ཡཱ་དང་། ༣༥ བླ་མའི་བུ་དུང་འཁུར་བ་ཁ་ཤས་དང་། ཟ་ཀར་ཡཱ། དེ་ནི་ཡོ་ན་ཐན་གྱི་བུ། དེ་ནི་ཤེ་མ་ཡཱའི་བུ། དེ་ནི་མད་ཐན་ཡཱའི་བུ། དེ་ནི་མི་ཀ་ཡཱའི་བུ། དེ་ནི་ཟག་ཀུར་གྱི་བུ། དེ་ནི་ཨ་སབ་ཀྱི་བུའོ། ༣༦ དེའི་སྤུན་རྣམས། ཤེ་མ་ཡཱ་དང་། ཨ་སར་ཨེལ་དང་། མི་ལ་ལཱ་ཨི་དང་། གི་ལ་ལཱ་ཨི་དང་། མ་ཨ་ཨི་དང་། ནེ་ཐན་ཨེལ་དང་། ཡུ་དཱ་དང་། ཧ་ནཱ་ནི་བརྒྱད་པོས་དཀོན་མཆོག་གི་སྐྱེས་བུ་དཱ་བིད་ཀྱི་རོལ་ཆས་འཁུར་ནས་དོང་པ་ཡིན། དེ་དག་གི་སྔོན་དུ་ཆོས་ལ་མཁས་པའི་ཨེས་རཱ་ཕྱིན་ཏོ། ༣༧ དེ་རྣམས་ཀྱི་ཐད་ཀར་ཡོད་པའི་ཆུ་མིག་གི་རྟ་སྒོ་ནས་དཱ་བིད་ཀྱི་གྲོང་ཁྱེར་གྱི་ཐེམ་སྐས་ཀྱི་ལམ་ནས་འཛེགས་ནས། དཱ་བིད་ཀྱི་ཕོ་བྲང་དང་ཆུའི་རྟ་སྒོའི་བར་དུ་ཤར་ཕྱོགས་སུ་ཕྱིན་ཏོ༎
༣༨ ཡང་གཏང་རག་འབུལ་བའི་ཚོགས་གཞན་དེ་རྣམས་འཕྲད་དུ་སོང་སྟེ། བདག་རང་དང་མི་ཚོགས་ཕྱེད་ཀ་དེ་དག་གི་ཕྱི་བཞིན་ལྕགས་རིའི་སྟེང་དུ་སོང་སྟེ། མེ་ཐབ་ཀྱི་སྤེའུའི་ལྟག་པ་ནས་ལྕགས་རི་ཞེང་ཅན་བྱ་བའི་བར་དུ་ཕྱིན་ཏོ། ༣༩ དེ་ནས་ཨེབ་ར་ཨིམ་གྱི་སྒོ་དང་། སྒོ་རྙིང་པ་དང་། ཉ་སྒོ་དང་། ཧ་ནཱ་ནེ་ཨེལ་གྱི་སྤེའུ་དང་། ཧམ་མེ་ཨའི་སྤེའུ་རྒྱུད་དེ་ལུག་སྒོར་ཕྱིན་ཏེ། བཙོན་རའི་སྒོར་ལངས་ནས་བསྡད་དོ། ༤༠ དེ་ནས་གཏང་རག་འབུལ་བའི་ཚོ་གཉིས་ཀ་དཀོན་མཆོག་གི་ཕོ་བྲང་དུ་ལངས་ནས་བསྡད་དོ། དེར་བདག་རང་དང་། དྲག་རིགས་ཕྱེད་ཀ་ཡོད་པ་ཡིན། ༤༡ ཨེལ་ཡཱ་ཀིམ། མ་ཨ་སེ་ཡཱ། མིན་ཡ་མིན། མི་ཁ་ཡཱ། ཨེལ་ཡོ་ཨེ་ནཱ་ཨི། ཟ་ཀར་ཡཱ་དང་ཧ་ནན་ཡཱ་བླ་མ་བདུན་པོ་དུང་འཁུར་མཁན་དང་། ༤༢ མ་ཨ་སེ་ཡཱ། ཤེ་མ་ཡཱ། ཨེལ་ཨ་ཟར། ཨུ་ཟི། ཡོ་ཧ་ནན། མལ་ཀི་ཡཱ། ཨེ་ལམ་དང་ཨེ་ཟེར་ཡང་ཡོད་པ་ཡིན། ཡང་མགུར་མ་ལེན་མཁན་རྣམས་ཀྱིས་རང་གི་འགོ་པ་ཡིས་ར་ཧི་ཡཱ་དང་བཅས་སྐད་ཆེན་པོས་མགུར་མ་བླངས་སོ། ༤༣ དཀོན་མཆོག་གིས་དེ་རྣམས་ལ་དགའ་མགུ་ཆེན་པོ་དང་བདེ་སྐྱིད་གནང་བས། ཉིན་དེ་ལ་མཆོད་པ་རྒྱ་ཆེན་པོ་འབུལ་ཞིང་དགའ་བར་བྱས་སོ། ཆུང་མ་དང་ཕྲུ་གུ་རྣམས་ཀྱང་ཡི་རངས་ཏེ། ཡེ་རུ་ཤ་ལེམ་གྱི་དགའ་མགུའི་སྒྲ་ནི་ཐག་རིང་དུ་ཐོས་པར་གྱུར་ཏོ༎
༤༤ བླ་མ་དང་ལེ་ཝི་པ་རྣམས་ཀྱི་དོན་དུ་བཀའ་ཁྲིམས་ཀྱི་སྐལ་བ་དེ་གྲོང་ཁྱེར་སོ་སོའི་ཞིང་རྣམས་ནས་བསྡུ་བར་གཏེར་མཛོད་དང་མཆོད་པ་དང་ཐོག་ཕུད་དང་བཅུ་ཁག་རྣམས་ཀྱི་ཆེད་དུ་མི་འགའ་ཞིག་བསྐོས་སོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱ་པ་རྣམས་བླ་མ་དང་ལེ་ཝི་པ་རྣམས་ཀྱི་ཞབས་ཏོག་ལ་དགའ་བར་འགྱུར་རོ། ༤༥ དེ་རྣམས་རང་གི་དཀོན་མཆོག་གི་ཞབས་ཏོག་དང་གཙང་སྦྲའི་ལས་བྱས། དེ་ལྟར་དུ་མགུར་ལེན་མཁན་དང་སྒོ་བསྲུང་པ་རྣམས་ཀྱིས་ཀྱང་དཱ་བིད་དང་ཁོང་གི་སྲས་ཤ་ལོ་མོའི་བཀའ་བཞིན་དུ་བྱས་སོ། ༤༦ གང་ལ་ཞེ་ན། སྔར་དཱ་བིད་དང་ཨ་སབ་ཀྱི་དུས་སུ་དབུ་མཛད་དང་། དཀོན་མཆོག་ལ་བསྟོད་པ་དང་གཏང་རག་འབུལ་བའི་མགུར་མ་ཡང་ཡོད་པའི་ཕྱིར་རོ། ༤༧ དེའང་ཟེ་རུབ་བཱ་བེལ་དང་ནེ་ཧེམ་ཡཱའི་དུས་སུ། ཨིས་ར་ཨེལ་ཐམས་ཅད་ཀྱིས་མགུར་ལེན་མཁན་དང་སྒོ་པ་རྣམས་ལ་ཉིན་རེ་བཞིན་དུ་སྐལ་བ་བསྟེར་ནས། བསྔོས་པའི་རྫས་རྣམས་ལེ་ཝི་པ་རྣམས་ལ་བཏང་སྟེ། ལེ་ཝི་པ་རྣམས་ཀྱིས་ཨ་རོན་གྱི་བུ་རྣམས་ལ་ཕུལ་ཏོ༎