ཡང་ཉིན་མོ་ཞིག་དཀོན་མཆོག་གི་སྲས་རྣམས་ཡ་ཧོ་ཝཱའི་ཞལ་ངོར་འཚོགས་སུ་བྱུང་བ་དང་། དེ་དག་གི་ནང་དུ་སཱ་ཏན་ཡང་ཡ་ཧོ་ཝཱའི་ཞལ་ངོར་འོངས་པ་དང་།  ཡ་ཧོ་ཝཱས་སཱ་ཏན་ལ། ཁྱོད་གང་ནས་འོངས་ཞེས་གསུངས་པ་དང་། སཱ་ཏན་གྱིས་ཞུ་ལན་དུ། ས་གཞིའི་ནང་དུ་ཕན་ཚུན་རྒྱུ་ཞིང་། ཡར་མར་འཁོར་ནས་འོངས་པ་ཡིན་ཞེས་ཞུས་པས།  ཡ་ཧོ་ཝཱས་སཱ་ཏན་ལ། ཁྱོད་ཀྱིས་ངའི་ཕྱག་བརྙན་ཡོབ་ལ་ཞིབ་ཏུ་བལྟས་སམ། གང་ལ་ཞེ་ན། ས་སྟེང་དུ་དེ་ལྟ་བུའི་མི་ཕུན་སུམ་ཚོགས་པ། སེམས་རྒྱུད་དྲང་པོ། དཀོན་མཆོག་ལ་བག་བྱེད་པ་དང་། ཉེས་པ་ལས་འབྱོལ་བ་གཞན་སུ་ཡང་མེད་དེ། རྒྱུ་མཚན་མེད་པར་དེ་འཇོམས་པར་བྱེད་དུ་ཁྱོད་ཀྱིས་ང་ལ་ཀུན་སློང་བྱས་པའི་སྟེང་དུའང་། ད་དུང་དེས་རང་གི་བློ་གཟུ་བོ་དེ་དམ་དུ་བཟུང་ངོ་ཞེས་གསུངས་པས།  སཱ་ཏན་གྱིས་ཡ་ཧོ་ཝཱ་ལ་ཞུ་ལན་དུ། པགས་པའི་ཚབ་ཏུ་པགས་པ། མིས་རང་གི་སྲོག་གི་དོན་དུ་ནོར་ཐམས་ཅད་སྦྱིན་པར་འགྱུར་གྱིས།  ད་ལྟ་ཁྱེད་ཀྱི་ཕྱག་བརྐྱངས་ཏེ། དེའི་རུས་པ་དང་ཤ་ལ་རེག་པར་མཛོད་དང་། དེས་ཁྱེད་ཀྱི་ཞལ་ངོར་རྒོལ་བ་མི་ཞུའམ་ཞེས་གསོལ་པ་དང་།  ཡ་ཧོ་ཝཱས་སཱ་ཏན་ལ། ལྟོས། ཁོ་ཁྱོད་ཀྱི་ལག་ཏུ་ཡོད། འོན་ཀྱང་དེའི་སྲོག་འབའ་ཞིག་ལུས་པར་ཆུག་ཅིག་ཅེས་བསྒོའོ༎
 དེ་ནས་སཱ་ཏན་ཡ་ཧོ་ཝཱའི་སྤྱན་སྔ་ནས་ཐོན་ཏེ། ཡོབ་ཀྱི་ཞབས་མཐིལ་ནས་སྤྱི་ཙུག་གི་བར་དུ་ཟུག་གཟེར་ཅན་གྱི་ཐོར་པས་བརྡེགས་པ་དང་།  དེས་རྫ་ཆག་ཚལ་པ་ཞིག་བླངས་ནས་འབྲད་ཅིང་། གོག་ཐལ་གྱི་ནང་དུ་བཞུགས་སོ༎
 དེ་ནས་དེའི་ཆུང་མས། ཁྱོད་ཀྱིས་ད་དུང་ཡང་རང་གི་བློ་གཟུ་བོ་དེ་དམ་དུ་འཛིན་ནམ། དཀོན་མཆོག་ལ་རྒོལ་བ་ཞུས་ནས་འཆི་བ་དགའ་ཞེས་ཟེར་མོད། ༡༠ དེས་མོ་ལ། ཁྱོད་ཀྱིས་བུད་མེད་བླུན་མོའི་ལུགས་སུ་གཏམ་བྱེད་དོ། ཅི་ལ་ཞེ་ན། ངེད་ཀྱིས་དཀོན་མཆོག་གི་ཕྱག་ནས་བཟང་བ་རྣམས་ལེན་ཅིང་། སྡུག་བསྔལ་རྣམས་ལེན་པའི་མི་རིགས་སམ་ཞེས་སྨྲས་ནས། འདི་ཀུན་གྱི་ནང་དུ་ཡོབ་ཀྱིས་མཆུའི་སྒོ་ནས་ཉེས་པ་མ་བྱས་སོ༎
༡༡ དེ་ནས་ཡོབ་ཀྱི་མཆེད་གྲོགས། ཐེ་མན་པ་ཨེ་ལི་ཕཱ་དང་། ཤུ་ཧི་པ་བིལ་དཱད་དང་། ན་ཨ་མད་པ་ཙོ་ཕར་བྱ་བ་གསུམ་གྱིས་དེ་ལ་བབས་པའི་རྐྱེན་ངན་ཐམས་ཅད་ཐོས་པའི་ཚེ། ཁོང་ཚོ་རང་རང་གི་གནས་ས་ནས་བྱུང་ནས། དེ་དང་མཉམ་དུ་མྱ་ངན་བྱེད་ཅིང་སེམས་གསོ་འཇུག་ཏུ་ཆས་པར་ཁ་མཐུན་པར་བྱས་སོ། ༡༢ ཡང་དེ་དག་གིས་རྒྱང་མ་ནས་མིག་བཏེགས་ནས་བལྟས་པའི་ཚེ། དེའི་ངོ་ཡང་མ་ཤེས་པས། སྒྲ་ཆེན་པོས་ངུས་ཏེ། རེ་རེས་རང་གི་གོས་བཤགས། གནམ་གྱི་ཐད་དུ་རང་རང་གི་མགོ་ལ་ཐལ་བ་གཡོགས་སོ། ༡༣ དེ་ལྟར་དེ་དག་ཉིན་བདུན་མཚན་བདུན་ཁོང་དང་མཉམ་དུ་ས་ལ་བསྡད་པ་དང་། དེའི་ཟུག་གཟེར་རབ་ཏུ་ཆེ་བ་ཡོད་པར་མཐོང་སྟབས་ཀྱིས། ཚིག་གཅིག་ཀྱང་ཞུ་བར་མ་ནུས་སོ༎