༤༢
དེ་ནས་ཡོབ་ཀྱིས་ཡ་ཧོ་ཝཱ་ལ་ཞུ་ལན་ཕུལ་ནས་ཞུས་པ། ༢ ཁྱེད་ཀྱིས་ཐམས་ཅད་མཛད་ནུས་བདག་གིས་ཤེས། ཁྱེད་ཀྱི་དགོངས་པ་གང་ཡང་ཟློག་མི་སྲིད། ༣ ཤེས་རབ་མེད་བཞིན་ཇུས་སྨྲ་མཁན་སུ་ཡིན། དེ་ལྟར་བདག་གིས་མ་གོ་བར་ཡང་སྨྲས། ངོ་མཚར་རབ་ཆེ་རྣམས་ངས་མ་རྟོགས་སོ། ༤ ཁྱེད་གསན་དུ་གསོལ་དང་ངས་ཞུ་བར་བྱ། ངས་བཀའ་འདྲི་ཞུ་བར་བདག་ལ་སྟོན་མཛོད། ༥ དེ་སྔོན་བདག་གི་རྣ་བས་ཁྱེད་ཐོས་ཀྱང་། ད་ལྟ་བདག་གི་མིག་གིས་ཁྱེད་ཉིད་མཇལ། ༦ དེའི་ཕྱིར་བདག་གིས་རང་ལ་ཞེན་ལོག་ཅིང་། རྡུལ་དང་ཐལ་བའི་དཀྱིལ་དུ་འགྱོད་སེམས་བྱེད།༧ དེའང་ཡ་ཧོ་ཝཱས་ཡོབ་ལ་དེ་དག་གསུང་ཚར་བའི་ཚེ་ན། ཡ་ཧོ་ཝཱས་ཐེ་མན་པ་ཨེ་ལི་ཕཱ་ལ་འདི་ལྟར། ཁྱོད་དང་ཁྱོད་ཀྱི་རོགས་པ་གཉིས་དང་བཅས་པའི་ཐོག་ཏུ་ཁོ་བོའི་ཐུགས་ཁྲོ་འབར་བར་གྱུར་ཏོ། དེའི་རྒྱུ་མཚན་ནི། ཁྱོད་ཚོས་ངའི་ཕྱག་བརྙན་ཡོབ་ལྟར་ཁོ་བོའི་ཆེད་དུ་རིགས་པའི་གཏམ་མ་བྱས་པས་སོ། ༨ ཁོ་བོའི་ཕྱག་བརྙན་ཡོབ་དང་འདྲ་བར་ཁྱོད་ཅག་གིས་ངའི་ཆེད་དུ་རིགས་པ་བཞིན་དུ་མ་སྨྲས་པའི་རྐྱེན་གྱིས། ཁོ་བོས་ཁྱོད་ཅག་གི་གཏི་མུག་ལ་རག་ལས་ཤིང་མི་མཛད་པའི་དོན་དུ། ཁྱོད་ཅག་གིས་གླང་ཐུག་བདུན། ལུག་ཐུག་བདུན་ཁྲིད་ནས་ཁོ་བོའི་ཕྱག་བརྙན་ཡོབ་གང་ན་བར་ཕྱིན་ཏེ། ཁྱོག་ཅག་རང་གི་དོན་དུ་སྦྱིན་སྲེག་གི་མཆོད་པར་ཕུལ་ཞིག་དང་། ཁོ་བོའི་ཕྱག་བརྙན་ཡོབ་ཀྱིས་ཁྱོད་ཅག་གི་དོན་དུ་གསོལ་བ་འདེབས་པར་འགྱུར། ཡང་ཁོ་བོས་དེའི་ངོར་གསན་པར་བྱའོ་ཞེས་གསུངས་པ་ལས།
༩ ཐེ་མན་པ་ཨེ་ལི་ཕཱ་དང་། ཤུ་ཧི་པ་བིལ་དཱད་དང་། ན་ཨ་མད་པ་ཙོ་ཕར་གསུམ་ཕྱིན་ཏེ། ཡ་ཧོ་ཝཱས་དེ་དག་ལ་བཀའ་གནང་བ་བཞིན་དུ་བྱས་པས། ཡ་ཧོ་ཝཱས་ཀྱང་ཡོབ་ཀྱི་ངོར་གསན་ཏོ། ༡༠ ཡོབ་ཀྱིས་རང་གི་མཆེད་གྲོགས་རྣམས་ཀྱི་དོན་དུ་གསོལ་བ་བཏབ་པའི་ཚེ་ན། ཡ་ཧོ་ཝཱས་དེ་ནི་བཙོན་ལས་བསྒྲལ་ཏེ། ཡ་ཧོ་ཝཱས་ཡོབ་ལ་སྔར་བདོག་པ་ལས་ཀྱང་ཉིས་ལྡབ་གནང་བ་དང་། ༡༡ དེའི་སྤུན་ཐམས་ཅད་དང་། སྲིང་མོ་ཚང་མ་དང་། སྔར་གྱི་ངོ་བཤེས་ཡོད་དོ་ཅོག་དེ་གང་ན་བར་འོངས་ནས། དེའི་ཁྱིམ་ན་དེ་དང་ལྷན་ཅིག་ཏུ་ཁ་ཟས་ལ་སྤྱད་དེ། དེའི་ཕྱིར་ཁོང་ཁྲུགས་བྱས་ནས། ཡ་ཧོ་ཝཱས་དེའི་ཐོག་ཏུ་དྲངས་པའི་རྐྱེན་ངན་ཐམས་ཅད་ལ་བལྟས་ནས་སེམས་སྐྱེད་བཅུག་གོ། ཡང་དེ་དག་རེ་རེ་ཡིས་དེ་ལ་དངུལ་ཀི་སི་ཐཱ་རེ་དང་། གསེར་གྱི་ཨ་ལོང་རེ་བྱོན་ཏོ། ༡༢ དེ་ལྟར་ཡ་ཧོ་ཝཱས་ཡོབ་ཀྱི་ཚེ་སྟོད་པས་ཀྱང་ཚེ་མཇུག་ལ་ལྷག་པར་བྱིན་གྱིས་བརླབས་པས། དེ་ལ་ལུག་སྟོང་ཕྲག་བཅུ་བཞི། རྔ་མོང་སྟོང་ཕྲག་དྲུག་དང་། གླང་དོར་སྟོང་ཚོ་གཅིག་དང་། བོང་བུ་སྟོང་ཚོ་གཅིག་མངའ་བར་གྱུར་ཏོ། ༡༣ དེ་ལ་ཡང་སྲས་བདུན་དང་སྲས་མོ་གསུམ་བྱོར་ནས། ༡༤ ཨ་ཆེའི་མིང་དུ་ཡེ་མི་མཱ་༼བོད་སྐད་དུ་ཕུག་རོན་༽དང་། བར་མའི་མིང་དུ་ཁེ་ཙི་ཨ་༼བོད་སྐད་དུ་ཤིང་ཚ་༽དང་། ཐ་ཆུང་མའི་མིང་དུ་ཁེ་རེན་ཧབ་ཕུག་༼བོད་སྐད་དུ་མིག་རྩིའི་རྭ་༽ཞེས་བཏགས་སོ། ༡༥ ཡང་ཡུལ་ཐམས་ཅད་ཀྱི་ནང་ན་ཡོབ་ཀྱི་སྲས་མོ་གསུམ་དང་འདྲ་བའི་བྱད་ལེགས་པའི་བུད་མེད་གང་ཡང་མེད་པ་ཡིན། ཡང་དེ་དག་གི་ཕས་དེ་དག་གི་མིང་པོ་རྣམས་ཀྱི་ཁྲོད་དུ་ནོར་སྐལ་བཏང་ངོ་༎