ངའི་བུ། ཇི་སྟེ་ཁོ་བོའི་བཀའ་མཆིད་རྣམས་དང་དུ་བླང་སྟེ། ངའི་བཀའ་རྒྱ་རྣམས་ཁྱོད་རང་གི་དྲུང་དུ་འཇོག་ཅིང་།  ཤེས་རབ་ལ་རྣ་བ་བླག་པ་དང་། རིག་པ་ལ་སྙིང་བཏང་སྟེ།  རིག་པའི་ཕྱིར་འབོད་སྒྲོག་ཅིང་། བློ་གྲོས་ཀྱི་ཕྱིར་སྐད་འདོན་ཏེ།  དངུལ་འཚོལ་བ་ལྟར་དེ་འཚོལ་ཞིང་། སྦས་པའི་གཏེར་འཚོལ་བ་འདྲར་དེ་ལ་བསྙེགས་ན།  དེ་ནས་ཡ་ཧོ་ཝཱ་ལ་བག་བྱེད་པ་དེ་ཅི་ཡིན་རྟོགས་ཤིང་། དཀོན་མཆོག་གི་ཡེ་ཤེས་རྙེད་པར་འགྱུར་རོ།  དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཤེས་རབ་གནང་ཞིང་། ཁོང་གི་ཞལ་ལས་ནི་ཡེ་ཤེས་དང་བློ་གྲོས་འཐོན་ནོ།  ཆོས་དྲང་པོའི་དོན་དུ་ཤེས་རབ་དེ་ཁོ་ན་ཉིད་འཇོག་པར་མཛད་ཅིང་། བློ་དྲང་པོའི་ངང་ན་འགྲུལ་བ་རྣམས་ཀྱི་ཕུབ་ཁོང་ལགས་པས།  གཤགས་ཀྱི་ལམ་རྣམས་སྐྱོབ་ཅིང་། ཉིད་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་ལམ་སྲུང་བར་མཛད།
 དེ་ནས་ཁྱོད་ཀྱིས་དྲང་བ་ཉིད་དང་། ཞལ་ཆེ་གཅོད་པ་དང་། བློ་གཟུ་བོ་དང་། ལམ་བཟང་ཐ་དག་རྟོགས་པར་འགྱུར་རོ། ༡༠ དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་སྙིང་ནང་ཤེས་རབ་འཇུག་ཅིང་། ཁྱོད་ཀྱི་སེམས་ཀྱིས་རིག་པ་ལ་བསོད་པར་འགྱུར། ༡༡ མི་ངན་གྱི་ལམ་དང་ལྟ་ལོག་གི་གཏམ་ལབ་མཁན་ལས་ཁྱོད་སྐྱོབ་པའི་ཕྱིར་དུ་ཤན་འབྱེད་པས་ཁྱོད་སྲུང་ཞིང་། བློ་གྲོས་ཀྱིས་སྐྱོབས་པར་འགྱུར། ༡༢ དེ་དག་མུན་པའི་ལམ་དུ་འདོང་ཕྱིར་ལམ་དྲང་པོ་བརླག་པར་བྱེད་དེ། ༡༣ ངན་པ་བྱེད་པ་ལ་དགའ་ཞིང་། སྡིག་སྤྱོད་ཀྱི་ལྟ་ལོག་ལ་ཡིད་མགུ། ༡༤ དེ་དག་གི་ལམ་གཡོན་པོ་སྟེ། ལོག་པར་གྱི་ལམ་ལ་འགྲོ་བར་བྱེད། ༡༥ མོ་ཡན་ནམ། ཁྱོད་ལ་ལྕེ་བཀོལ་བའི་མོ་ཡན་ལས་ཁྱོད་སྐྱོབ་པའི་ཕྱིར་རོ། ༡༦ དེ་ཚོས་རང་གི་ན་གཞོན་གྱི་བདག་པོ་སྤོང་ཞིང་། ༡༧ རང་གི་དཀོན་མཆོག་གི་ཞལ་ཆད་བརྗེད་པར་བྱེད། ༡༨ གང་ལ་ཞེ་ན། མོའི་ཁྱིམ་འཆི་བའི་ཕྱོགས་སུ་གཉེར་ཞིང་། མོའི་ལམ་རོའི་ཐད་དུ་ཕྱིན་ཏེ། ༡༩ མོའི་ཐད་དུ་ཕྱིན་པ་གང་ཡང་ཕྱིར་མི་ལོག སྲོག་གི་ལམ་ཡང་མི་འཛིན་ནོ། ༢༠ མི་བཟང་པོའི་ལམ་དུ་ཁྱོད་འགྲུལ་ཞིང་། ཆོས་དྲང་པོའི་ལམ་འཛིན་པར་བྱོས་ཤིག ༢༡ གང་ལ་ཞེ་ན། མི་དྲང་པོ་ཡུལ་ནང་གནས་ཤིང་། མཐར་ཕྱིན་པ་རྣམས་དེ་ནང་ལུས་འགྱུར་གྱིས། ༢༢ སྡིག་སྤྱོད་ས་གཞི་ལས་འཕྲལ་ཞིང་། ལོག་པར་ཅན་རྣམས་ས་གཞི་ལས་དྲུང་འབྱིན་པར་འགྱུར་བའི་ཕྱིར་རོ༎