ངའི་བུ། ངའི་བཀའ་རྒྱ་མ་བརྗེད་པར། ཁྱོད་ཀྱི་སྙིང་གིས་ངའི་བཀའ་རྣམས་འཆང་བར་གྱིས་ཤིག  གང་ལ་ཞེ་ན། དེ་དག་གི་ཚེ་རིང་པོ་དང་། ན་སོ་ཆེན་པོ་དང་། ཞི་བདེ་ཁྱོད་ལ་སྣོན་པར་འགྱུར།
 སྙིང་རྗེ་དང་བདེན་པ་ཉིད་ནི་ཁྱོད་ལས་མི་འབྲལ་ཕྱིར། དེ་གཉིས་པོ་རང་གི་སྐེ་ལ་བཏག་སྟེ། སྙིང་གི་བྱང་བུའི་ཐོག་ཏུ་ཡི་གེར་བྲིས་ཤིག་དང་།  དཀོན་མཆོག་དང་མི་གཉིས་ཀའི་སྤྱན་དུ་ཁྱོད་མཛེས་ཤིང་། བཀུར་ཏེ་ཆེན་པོ་ཐོབ་པར་འགྱུར་རོ༎
 རང་གི་སྙིང་ཚང་མ་ནས་ཡ་ཧོ་ཝཱ་ལ་བློ་ཐོད་ཅིག རང་གི་བློ་གྲོས་ལ་མ་རྟེན་ཞིག  ཁྱེད་རང་གི་ལམ་ཀུན་ནང་ཁོང་ཁས་ལེན་ཞིག་དང་། ཁོང་གིས་ཁྱོད་ཀྱི་ལམ་རྣམས་སྟོན་པར་འགྱུར།  རང་གི་མཐོང་སྣང་དུ་རང་མཁས་པར་མ་གྱུར་ཅིག ཡ་ཧོ་ཝཱ་ལ་བག་གྱིས་ཤིག ངན་པ་ལས་འབྲལ་བར་གྱུར་ཅིག  དེ་ནི་ཁྱོད་ཀྱི་ལྟེ་བ་ལ་སྨན་དང་། རུས་པ་ལ་རྐང་མར་དུ་འགྱུར་བར་འགྱུར།  རང་གི་རྒྱུ་ནོར་དང་འཕེལ་འགྱུར་ཐམས་ཅད་ཀྱི་ཐོག་ཕུད་ཀྱི་སྒོ་ནས་ཡ་ཧོ་ཝཱ་ལ་བཀུར་སྟི་གྱིས་ཤིག་དང་། ༡༠ ཁྱེད་ཀྱི་བང་མཛོད་རྣམས་གང་སྟེ། ཁྱོད་ཀྱི་འཆག་གཞོང་རྣམས་ནས་རྒུན་ཆང་གསར་པ་ལུད་པར་འགྱུར་རོ༎
༡༡ ངའི་བུ། ཡ་ཧོ་ཝཱའི་གདུལ་ལུགས་དེ་ཁྱད་དུ་མ་སོད། ཁོང་གི་འཇུན་ལུགས་ཀྱིས་ཀྱང་བསུན་པར་མ་གྱུར་ཅིག ༡༢ དེ་ཅིའི་ཕྱིར་ཞེ་ན། ཕས་སྡུག་པར་འཛིན་པའི་བུ་འཇུན་པ་ལྟར་དུ། ཡ་ཧོ་ཝཱས་བྱམས་པ་རྣམས་ཁོང་གིས་འདུལ་བར་ཡང་མཛད་དོ༎
༡༣ ཡེ་ཤེས་བརྙེས་པའི་སྐྱེས་བུ་དང་། བློ་གྲོས་ཐོབ་པའི་མི་བོ་བདེ་ཞིང་ལེགས་སོ། ༡༤ དེ་ཅིའི་ཕྱིར་ཞེ་ན། འཚོང་ཟོང་འདི་ནི་དངུལ་གྱི་འཚོང་ཟོག་དང་། དེའི་ཁེ་འབོགས་སུ་ཐོབ་པའི་ནོར་ནི་གསེར་བཙོ་མ་བས་ཀྱང་རབ་སྟེ། ༡༥ པད་མ་ར་ག་བས་ཀྱང་འདི་ནི་རབ་ཏུ་རིན་ཐང་ཆེ། ཁྱོད་ཀྱིས་འདོད་པ་སྐྱེད་ནུས་པའི་དངོས་པོ་ཡོད་དོ་ཅོག་ནི་འདིའི་མཚུངས་ཟླར་མི་ཕྱིན། ༡༦ དེའི་ཕྱག་གཡས་པའི་ནང་ན་ཚེ་རིང་དང་། ཕྱག་གཡོན་ནང་ན་དབྱིགས་དང་ཞེ་ས་གདའ། ༡༧ དེའི་གཤེགས་ལམ་རྣམས་དགའ་བདེའི་ལམ་དང་། དེའི་ཕེབས་ལམ་ཐམས་ཅད་ནི་ཞི་བདེའོ། ༡༨ དེ་དང་དུ་ལེན་པ་རྣམས་ལ་སྲོག་གི་སྐྱེ་ཤིང་དུ་གྱུར་ཏེ། དེ་འཆང་བ་ཐམས་ཅད་བདེ་བ་དང་ལྡན་ནོ༎
༡༩ ཡ་ཧོ་ཝཱས་ཡེ་ཤེས་ཀྱིས་ས་གཞིའི་རྨང་བཏིང་སྟེ། མཁྱེན་རབ་ཀྱིས་ནམ་མཁའ་བརྟན་པར་མཛད། ༢༠ ཁོང་གིས་མཁྱེན་རིག་གིས་གཏིང་ཟབ་པོ་རྣམས་སོ་སོར་ཕྲལ་ཏེ། ནམ་མཁའ་ལས་ཟིལ་པ་འཐིག་གོ།
༢༡ ངའི་བུ། དེ་དག་རང་གི་མིག་ལས་འབྲལ་དུ་མི་འཇུག་པར། ཤེས་རབ་དང་ཤན་འབྱེད་པ་མངའ་བར་གྱིས་ཤིག ༢༢ དེ་དག་ནི་ཁྱོད་ཀྱི་སེམས་ཀྱི་སྲོག་དང་། མགུལ་གྱི་རྒྱན་དུ་འགྱུར་བར་འགྱུར། ༢༣ དེ་ནས་ཁྱོད་རང་གི་ལམ་ནང་བརྟན་པོར་འགྲུལ་ཞིང་། ཁྱོད་ཀྱི་རྐང་པ་འབུབ་པར་ཡང་མི་འགྱུར། ༢༤ ཁྱོད་ཉལ་བའི་དུས་སུ་འཇིགས་པར་ཡང་མི་འགྱུར། འོ་ན་ཁྱོད་ཉལ་ཞིང་གཉིད་ཞིམ་པོ་ལོག་པར་འགྱུར། ༢༥ བློ་བུར་གྱི་འཇིགས་པའམ། སྡིག་སྤྱོད་རྣམས་སྟོངས་བྱེད་འོང་དུས་སུ་འཇིགས་པར་མ་གྱུར་ཞིག ༢༦ གང་ལ་ཞེ་ན། ཡ་ཧོ་ཝཱ་ནི་ཁྱོད་ཀྱི་གདེང་ཚད་དུ་འགྱུར་ཞིང་། མི་འཁད་པའི་དོན་དུ་ཁྱོད་ཀྱི་རྐང་པ་སྲུང་བར་འགྱུར་རོ༎
༢༧ ཁྱོད་ཀྱི་ལག་པའི་ནང་དུ་དྲིན་བྱེད་པའི་དབང་ཡོད་པའི་རིང་དུ། དྲིན་ཐོབ་འོས་པ་རྣམས་ལས་ཕྱི་འཐེན་མ་བྱེད་ཅིག
༢༨ རང་གི་ལག་པར་ཡོད་དུས་སུ་རང་གི་ཁྱིམ་མཚེས་ལ། ད་ལྟ་སོང་ཞིག་དང་། ཡང་ལོག་ཤོག ངས་སང་ཉིན་སྦྱིན་པར་བྱའོ་ཞེས་མ་ཟེར་ཞིག
༢༩ རང་གི་ཁྱིམ་མཚེས་ཁྱོད་དྲུང་ན་བློ་བདེ་བར་སྡོད་པའི་ཚེ། ཁོའི་ཕྱིར་གྲོས་ངན་མ་བྱེད་ཅིག
༣༠ ཁྱོད་ལ་གནོད་པ་མ་བསྐྱལ་བར། མི་གང་ལའང་དོན་མེད་དུ་འཁྲུག་པ་མ་བྱེད་ཅིག
༣༡ དབང་ཆོས་བྱེད་མཁན་ལ་ཕྲག་དོག་མ་བསྐྱེད་པར། དེ་ལྟ་བུའི་ལམ་གང་རུང་དང་དུ་མ་བླངས་ཤིག
༣༢ དེ་ཅིའི་ཕྱིར་ཞེ་ན། ལྟ་ལོག་ཅན་ལ་ཡ་ཧོ་ཝཱ་ཞེན་ལོག་གིས། ཆོས་དྲང་པོ་དང་བཅས་སུ་ཁོང་གི་སྙིང་གཏམ་བཞུགས་སོ། ༣༣ སྡིག་སྤྱོད་རྣམས་ཀྱི་ཁྱིམ་ནང་ཡ་ཧོ་ཝཱའི་དམོད་པ་གནས་ཀྱིས། མི་དྲང་པོའི་ཁྱིམ་ལ་བྱིན་གྱིས་རློབས་པར་མཛད། ༣༤ འཕྱ་མཁན་རྣམས་ལ་ཁོང་གིས་ཀྱང་འཕྱ་ངེས། འོན་ཀྱང་དམན་སེམས་ལྡན་པ་ལ་ཐུགས་རྗེ་གཟིགས་སོ། ༣༥ མཛད་པ་རྣམས་ཀྱིས་དཔལ་མངའ་འགྱུར་ཡང་། བློན་པོ་རྣམས་ནི་ངོ་ཚས་འཁྱེར་བར་འགྱུར་རོ༎