༢
སླར་ཡང་བདག་ལ་ཡ་ཧོ་ཝཱའི་གསུང་བྱོན་ཏེ། ༢ ད་སོང་ལ། ཡེ་རུ་ཤ་ལེམ་གྱི་རྣ་བར་འབོད་སྒྲོག་ཅིང་། འདི་སྐད་བརྗོད་ཅིག ཡ་ཧོ་ཝཱས་འདི་སྐད་གསུང་། ངས་ཁྱོད་དྲན་ཏེ། ཞིང་མེད་པའི་འབྲོག་སྟོང་གི་ནང་དུ་ཁྱོད་ངའི་ཕྱི་བཞིན་འགྲུལ་དུས། ཁྱོད་ཀྱི་ན་གཞོན་གྱི་དྲིན་དང་། བག་མ་ལྟ་བུ་གཅེས་པར་བཟུང་བ་དེ་ངས་དྲན་ནོ། ༣ ཨིས་ར་ཨེལ་ནི་ཡ་ཧོ་ཝཱའི་དྲུང་ན་དམ་པ་དང་། ཁོང་གི་དར་རྒྱས་ཀྱི་ཐོག་ཕུད་ལགས་པ་ཡིན་ཏེ། དེ་ཟ་བ་ཐམས་ཅད་སྡིག་ཅན་དུ་བརྩིས་ཏེ། དེ་དག་གི་ཐོག་ཏུ་རྐྱེན་ངན་འབབ་པར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་ངོ་༎༤ ཀྱེ་ཡ་ཀོབ་ཀྱི་མི་བརྒྱུད་དང་། ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་ཆོ་རིགས་ཐམས་ཅད། ཡ་ཧོ་ཝཱའི་གསུང་ལ་ཉོན་ཞིག ༥ ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཅག་གི་ཕ་མེས་རྣམས་བདག་ལས་ཐག་རིང་པོར་འཁྱམས་ཏེ། སྙིང་པོ་མེད་པའི་རྗེས་སུ་ཆས་ནས། རང་ཡང་སྙིང་པོ་མེད་པར་གྱུར་པ་དེ་ནི། དེ་དག་ལ་ངའི་ནང་ན་མི་རིགས་པ་ཅི་ཞིག་བརྟགས་པ་ཡིན། ༦ ཡང་དེ་དག་གིས། ངེད་ཅག་མི་སེར་ཡུལ་ལས་ཡར་བཏོན་ཏེ། མི་སུ་ཡང་མི་འགྲོ་བ་དང་། མི་སུ་ཡང་མི་གནས་པའི་འབྲོག་སྟོང་དང་། ཐང་དང་རོང་རྣམས་དང་། ཆུ་མེད་ས་དང་། འཆི་གྲིབ་ཀྱི་ས་ཆའི་ནང་ནས་ལམ་སྣ་དྲངས་པའི་ཡ་ཧོ་ཝཱ་དེ་ག་ན་བཞུགས། ཞེས་ཀྱང་མ་དྲིས་སོ། ༧ ཡང་ཤིང་ཐོག་དང་། བཅུད་དང་ལྡན་པའི་འབྲས་བུ་ཁྱོད་ཚོས་ཟ་རུ་ངས་ཁྱོད་སྐྱེད་ཚལ་གྱི་ཡུལ་གྱི་ནང་དྲངས་པ་ཡིན། འོན་ཀྱང་ཁྱོད་ཅག་དེར་ཞུགས་པ་ཙམ་གྱིས། ངའི་ཡུལ་ཁམས་མི་གཙང་བ་དང་། ངའི་ས་སྐལ་སྐྱུག་བྲོ་བར་བྱས། ༨ བླ་མ་རྣམས་ཀྱིས་ཀྱང་། ཡ་ཧོ་ཝཱ་དེ་གང་ན་བཞུགས། ཞེས་མ་དྲིས། བཀའ་ཁྲིམས་ཤེས་པ་དག་གིས་ཀྱང་ངོ་མ་ཤེས། རྫི་བོ་རྣམས་ཀྱང་ང་དང་འགལ། ལུང་སྟོན་པ་རྣམས་ཀྱིས་བ་ཨཱལ་གྱི་མིང་བརྗོད་ཅིང་ལུང་བསྟན་ཏེ། མི་ཕན་པའི་ཕྱི་བཞིན་བྲངས་སོ༎
༩ དེ་བས་ན་ཡ་ཧོ་ཝཱས་འདི་སྐད་གསུང་། ངས་ད་དུང་ཡང་ཁྱོད་དང་འཁྲབ་ཅིང་། ཁྱོད་ཀྱི་ཕྲུ་གུའི་ཕྲུ་གུ་རྣམས་ལའང་འཁྲབ་པར་བྱའོ། ༡༠ དེ་ཅིའི་ཕྱིར་ཞེ་ན། ཀི་ཐིམ་གྱི་གླིང་ཕྲན་རྣམས་སུ་ཕོས་ཏེ་ལྟོས་ཤིག ཡང་ཀེ་དར་དུ་ཕོ་ཉ་བརྫངས་ཏེ་བསམ་བློ་ཞིབ་པར་གཏོང་ཞིང་། འདི་འདྲའི་བྱ་བ་ཞིག་བྱུང་བ་ཡིན་ནམ་ལྟོས་ཤིག ༡༡ མི་བརྒྱུད་གང་གིས་དཀོན་མཆོག་ངོ་ཐོག་མིན་པའི་དེ་དག་གི་ལྷ་རྣམས་སྤོས་པར་བྱས་སམ། འོན་ཀྱང་ངའི་མི་སྡེས་རང་གི་དཔལ་བརྗིད་དེ་ཕན་མེད་པ་ཞིག་དང་བརྗེས་པས། ༡༢ ཀྱེ་ནམ་མཁའ་རྣམས། འདི་ལ་ཧ་ལས་ཤིང་། ངོ་མཚར་རྨད་དུ་འགྱུར་ཞིང་། རབ་ཏུ་དངང་སྐྲག་པར་གྱིས་ཤིག ཅེས་ཡ་ཧོ་ཝཱས་གསུང་ངོ་། ༡༣ དེ་ཅིའི་ཕྱིར་ཞེ་ན། ངའི་མི་སྡེས་སྐྱོན་གཉིས་བྱས་ཏེ། ང་གསོན་པོའི་ཆུའི་ཆུ་མིག་དེ་སྐྱུར་ནས། རང་གི་དོན་དུ་ཆུ་མི་སོག་པའི་རྫིང་བུའམ། རྫིང་བུ་འཛག་མཁན་རྣམས་བརྐོས་སོ༎
༡༤ ཨིས་ར་ཨེལ་བྲན་པོ་ཞིག་ཡིན་ནམ། སྒོ་ཡལ་ཞིག་གི་བུ་ཡིན་ནམ། ཅིའི་ཕྱིར་ཁོ་བཅོམ་པ་ཡིན། ༡༥ སེང་དར་མ་རྣམས་ཀྱིས་དེ་ལ་ངར་སྐད་དང་ང་རོ་ཕྱུང་སྟེ། དེའི་ཡུལ་སྟོངས་སུ་བཅུག གྲོང་ཁྱེར་རྣམས་བསྲེགས་ཏེ། མི་གཅིག་ཀྱང་མ་ལུས། ༡༦ ནཱོབ་དང་ཏཱ་ཕན་ཧེས་ཀྱི་བུ་རྣམས་ཀྱིས་ཀྱང་ཁྱོད་ཀྱི་སྤྱི་བོ་གཅོག་པར་བྱེད། ༡༧ ཁྱོད་ལམ་ནང་འཁྲིད་པར་མཛད་དུས་སུ་ཁྱོད་རང་གི་དཀོན་མཆོག་ཡ་ཧོ་ཝཱ། ཁྱོད་ཀྱིས་བསྐྱུར་བས་ན། འདི་ནི་ཁྱོད་རང་གིས་རང་ལ་ཉོས་པ་མིན་ནམ། ༡༨ ད་ཁྱོད་སི་ཧོར་གྱི་ཆུ་འཐུང་བས་ཕྱིར་མི་སེར་གྱི་ལམ་ནང་བྲེལ་བ་ཅི་ཡོད། ཡང་ན་གཙང་པོའི་ཆུ་ལས་འཐུང་བའི་ཕྱིར་ཨ་སུར་གྱི་ལམ་ནང་དོན་ཅི་ཡོད། ༡༩ ཁྱོད་རང་གི་སྤྱོད་པ་ངན་པས་ཁྱོད་འཇུན་ཞིང་། ཁྱོད་རང་གི་ངོ་ལོག་གི་ལས་རྣམས་ཀྱིས་ཁྱོད་ལ་ཆད་པ་གཅོད་པར་འགྱུར། ཁྱོད་ཀྱིས་རང་གི་དཀོན་མཆོག་ཡ་ཧོ་ཝཱ་བསྐྱུར་ཏེ། ཁོ་བོ་ལ་འཇིགས་པའི་སེམས་མེད་པས་ན། འདི་ནི་ངན་པ་དང་། རོ་ཁ་བའི་བྱ་བ་ཡིན་པ་རྟོགས་ཤིག ལྟོས་ཤིག ཅེས་དཔུང་ཆེན་གྱི་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎
༢༠ དེའི་རྒྱུ་མཚན་ནི། སྔོན་འདས་པའི་དུས་སུ་ཁོ་བོས་ཁྱོད་ཀྱི་གཉའ་ཤིང་བཅག་ནས། ཁྱོད་ཀྱི་བཀྱིག་ཐག་བཀྲོལ་པ་ཡིན། འོན་ཀྱང་ཁྱོད་ཀྱིས། ངས་བཀའི་འབངས་མི་བྱའོ་སྨྲས་པ་ལྟར། རི་མཐོན་པོ་ཡིན་ཚད་ཀྱི་སྟེང་དང་། ཤིང་སྔོན་པོ་ཡིན་ཚད་ཀྱི་ལྐོག་ཏུ་རིམ་གྲོ་བྱེད་ཅིང་སྨད་འཚོང་མའི་བྱ་བར་འཇུག་ཏུ་ཁྱོད་འཁོར་བ་ཡིན། ༢༡ ངས་ཁྱོད་རྣམ་པར་བཟང་བའི་རྒུན་ཤིང་ཡོངས་སུ་ལེགས་པ་ཞིག་བཙུག་མོད། ཁྱོད་ངའི་དོན་དུ་རྒུན་ཤིང་འཁྱམ་པོའི་ཡལ་འདབ་རིགས་ངན་དུ་ཅི་ལ་གྱུར་པ་ཡིན། ༢༢ ཁྱོད་ཀྱིས་རང་ཅི་ཙམ་དུ་བུལ་དང་འཁྲུད་ཅིང་། གླང་ཀླད་མང་དུ་འདྲུད་རུང་ཁྱོད་ཀྱི་སྤྱོད་པ་ངན་པའི་རྨེ་གྲིབ་ངའི་ཞལ་ངོར་ལུས་ཡོད། ཅེས་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎
༢༣ ཁྱོད་ཀྱིས་ང་ལ་གྲིབ་མ་ཕོག བ་ཨ་ལིམ་གྱི་ཕྱི་བཞིན་དུའང་བྲངས་པ་མ་ཡིན། ཇི་ལྟར་ཟེར་བར་ནུས། ལུང་པའི་ནང་དུ་རང་གི་ལམ་ལ་བལྟས་ཏེ། ཁྱོད་ཀྱིས་ཅི་བྱས་པ་རྟོགས་པར་བྱོས། ཁྱོད་ནི་རང་གི་ལམ་རྣམས་སུ་ལོག་པའི་བང་ཆེ་བའི་རྔ་མོང་མོ་དང་། ༢༤ འབྲོག་སྟོང་ལ་གོམས་ཤིང་། འདོད་པས་རྫི་སྣོམ་པའི་རྐྱང་མོ་ཞིག་སྟེ། དེ་སྙོག་པའི་དུས་སུ་སུས་ཟློག་པར་ནུས། མོ་འཚོལ་བ་རྣམས་ཀྱིས་རང་ངལ་དུ་མི་འཇུག་པར། མོའི་ཟླ་བའི་ནང་དུ་དེ་དག་ལ་ཁོ་མོ་རྙེད་པར་འགྱུར། ༢༥ ཁྱོད་རང་གི་རྐང་པ་ལྷམ་དང་མི་བྲལ་བ་དང་། ཨོག་མ་མི་སྐོམ་པའི་སླད་དུ་རང་གི་རྐང་པ་བཟོད་ཅིག འོན་ཀྱང་ཁྱོད་ཀྱིས། ངས་མི་འཁྱམ་པོ་རྣམས་ལ་ཆགས་ཏེ། དེ་དག་གི་རྗེས་སུ་འགྲོ་རྒྱུ་ཡིན་པས། དེ་ལྟར་མིན། ད་ནི་རེ་ཐག་ཆོད། ཞེས་སྨྲས་པ་ཡིན།
༢༦ རྐུན་མ་བཟུང་དུས་ངོ་ཚ་བ་བཞིན་དུ། ཨིས་ར་ཨེལ་གྱི་མི་བརྒྱུད་དང་། དེ་དག་གི་རྒྱལ་པོ་དང་། སྐུ་དྲག་དང་། བླ་མ་དང་། ལུང་སྟོན་པ་རྣམས་ལའང་ངོ་ཚ་འཕོག་པར་འགྱུར། ༢༧ དེ་དག་གིས་ཤིང་དུམ་ལ། ཁྱེད་ངའི་ཡབ་ཡིན་ཟེར། རྡོ་ལ་ཁྱེད་ཀྱིས་ང་བསྐྱེད་པ་ལགས་ཟེར། དེའི་རྒྱུ་ནི། དེ་དག་གིས་ངའི་ཕྱོགས་སུ་གདོང་པ་མ་བསྒྱུར་བར་རྒྱབ་བསྒྱུར་བ་ཡིན། འོན་ཀྱང་སྡུག་བསྔལ་བའི་དུས་སུ། བཞེངས་ལ། ངེད་ཅག་སྒྲོལ་བར་མཛོད་ཅིག་ཟེར་རོ། ༢༨ འོན་ཀྱང་ཁྱོད་རང་གི་དོན་དུ་བཅོས་པའི་རྟེན་རྣམས་ག་ན་ཡོད། དེ་དག་གིས་ཁྱོད་སྡུག་བསྔལ་འཕོག་པའི་ཚེ། ཁྱོད་སྒྲོལ་བར་ནུས་ན། ལྡང་བའི་རིགས་སོ། གང་ལ་ཞེ་ན། ཀྱེ་ཡ་ཧུ་དཱ། ཁྱོད་ཀྱི་གྲོང་ཁྱེར་གྱི་གྲངས་བཞིན་དུ་ཁྱོད་ལ་རྟེན་ཡང་ཡོད།
༢༩ ཁྱོད་ཀྱིས་ཁོ་བོ་ལ་ཅི་ལ་འཁྲབ་པར་བྱེད། ཁྱོད་ཐམས་ཅད་ཀྱིས་ང་ལ་འབངས་གྱེན་ཟློག་བྱས་པ་ཡིན། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༣༠ ངས་ཁྱོད་ཀྱི་བུ་རྣམས་ལ་བརྡུངས་པ་དེ་དོན་མེད་དུ་སོང་སྟེ། དེ་དག་འཆུན་པར་མ་གྱུར་ཏོ། སེང་གེས་ཟ་བ་བཞིན་ཁྱོད་རང་གི་རལ་གྲིས་རང་གི་ལུང་སྟོན་པ་རྣམས་བསད་དོ། ༣༡ ཀྱེ་མི་རབས་ཁྱོད། ཡ་ཧོ་ཝཱའི་གསུང་ལ་ལྟོས་དང་། ཨིས་ར་ཨེལ་ལ་ང་ནི་འབྲོག་སྟོང་དང་མུན་ཁམས་ཤིག་ཏུ་གྱུར་ཏམ། དེ་ནས་ངའི་མི་སྡེས་ངེད་རང་ཇོ་ཡིན་པས། སླར་ཁྱེད་ཀྱི་དྲུང་དུ་འོང་བར་མི་བྱའོ་ཞེས་ཟེར་བ་དེ་ཅི་ཡིན། ༣༢ ན་ཆུང་གིས་རང་གི་རྒྱན་ཆའམ། བག་མས་རང་གི་བག་གོས་རྗེད་པར་ནུས་སམ། འོན་ཀྱང་ངའི་མི་སྡེས་ཉིན་ཞག་གྲངས་མེད་དུ་ང་བརྗེད་ནས་འདུག ༣༣ ཡིད་གྲོགས་འཚོལ་བའི་ལམ་ཁྱོད་ཀྱིས་ཇི་ལྟར་བཟོ་བར་བྱེད། དེ་ལྟར་ཁྱོད་ཀྱིས་བུད་མེད་ངན་པ་ལའང་རང་གི་ལམ་དེ་བསླབས་སོ། ༣༤ ཁྱོད་ཀྱི་ཐུ་བ་ལས་དབུལ་པོ་ནོངས་མེད་པའི་ཁྲག་ཀྱང་ཐོབ། ལྐོག་ཏུ་བཙལ་ནས་དེ་མ་བརྙེད་ཀྱིས། དེ་དག་ཀུན་ལས་དེ་བརྙེས་བྱུང་། ༣༥ ད་དུང་ཁྱོད་ཀྱིས་ང་ལ་ནོངས་མེད། ཁོང་གི་ཐུགས་ཁྲོ་བ་དེ་ངེད་ལས་བཤོལ་བར་ངེས་ཟེར་ཏོ། ལྟོས་ཤིག་ཁྱོད་ཀྱིས། ངས་སྡིག་པ་མ་བྱས་སོ་ཟེར་བའི་དོན་དུ། ངས་ཁྱོད་ལ་འཁྲབ་པར་བྱའོ། ༣༦ ཁྱོད་རང་གི་ལམ་འཕོ་བ་ལ་ཁྱོད་འདི་ཙམ་ཅི་ལ་འཁྱམ་ཞིང་འཁོར། ཨ་སུར་ལས་ཁྱོད་སྐྱེངས་པར་གྱུར་པར་ལྟར། མི་སེར་ལས་ཀྱང་སྐྱེང་བར་འགྱུར། ༣༧ འོ་ན། དེའི་ནང་ནས་ཀྱང་རང་གི་མགོ་ལ་ལག་པ་བཀལ་བཞིན་དུ་ཁྱོད་འཐོན་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་རེ་ས་དེ་དོར་བས། དེ་དག་གི་ངང་ནས་ཁྱོད་ཀྱི་དོན་འགྲུབ་པར་མི་འགྱུར་རོ༎