གཏམ་དཔེ་ལ། སྐྱེས་པ་ཞིག་གིས་རང་གི་ཆུང་མ་བཏོན་ཏེ། མོ་དེ་ནས་ཐོན་ཏེ། གཞན་སྐྱེས་པའི་ཆུང་མར་འགྱུར་ན། དེ་སླར་མོའི་རྩར་འགྲོ་བར་བྱའམ་ཟེར། ཡུལ་དེ་རབ་ཏུ་འབགས་པར་མི་འགྱུར་རམ། ད་ཁྱོད་ཀྱིས་གྲོགས་པོ་མང་པོ་དང་ལྷན་ཅིག་ཏུ་ལོག་པར་གཡེམ་པའི་སྟེང་དུ། སླར་ཁོ་བོའི་ཕྱོགས་སུ་ལོག་འོང་བར་བྱའམ། ཞེས་ཡ་ཧོ་ཝཱས་གསུང་ངོ་།  རི་སྟོང་རྣམས་ཀྱི་ཕྱོགས་སུ་མིག་ཐེག་ཅིག་དང་། ཁྱོད་ཀྱིས་མ་འཁྲིགས་པའི་གནས་ཤིག་ག་ན་འདུག་ལྟོས་ཤིག འབྲོག་སྟོང་གི་ཨ་རཱབ་པ་ལྟར། དེ་དག་གི་ཕྱིར་ཁྱོད་རྒྱ་ལམ་གྱི་ཁར་བསྡད་པས། ཁྱོད་རང་གི་ལོག་པར་གཡེམ་པ་དང་། སྤྱོད་པ་ངན་པས་ཡུལ་ཁམས་འབགས་པར་བྱས།  དེའི་རྐྱེན་གྱིས་གནམ་ཆུ་ཆད་དེ། ཆར་པ་ཕྱི་མའང་མ་བབས་ནའང་། ཁྱོད་སྨད་ཚོང་མའི་དཔྲལ་བ་དང་ལྡན་པས། ཁྲེལ་བས་ངོ་ཚ་བར་མ་གྱུར་ཏོ།  ད་ཁྱོད་ཀྱིས་ང་ལ། ངའི་ཡབ། ངའི་ལང་ཚོའི་དུས་ཀྱི་ལམ་སྣ་པ་ལགས། ཞེས་འབོད་པར་མི་བྱའམ།  ཁོང་གིས་ཐུགས་ཁྲོ་གཏན་དུ་འཇོག་པར་མི་འགྱུར་རམ། མཐའ་མའི་བར་དུའང་འཇོག་པར་བྱའམ། ལྟོས་ཤིག ཁྱོད་ཀྱིས་དེ་ལྟར་སྨྲས་མོད། ཅི་ནུས་ཀྱིས་མི་དགེ་བ་ལ་སྤྱོད་དོ༎
 ཡང་རྒྱལ་པོ་ཡོ་ཤི་ཡཱའི་དུས་སུ་ཡ་ཧོ་ཝཱས་ང་ལ་གསུངས་པ། ངོ་ལོག་པའི་ཨིས་ར་ཨེལ་གྱིས་ཅི་བྱས་པ་དེ། ཁྱོད་ཀྱིས་མཐོང་ངམ། མོ་ནི་རི་མཐོན་པོ་ཡིན་ཚད་ཀྱི་སྟེང་དང་། སྡོང་པོ་སྔོན་པོ་ཡིན་ཚད་ཀྱི་ལྐོག་ཏུ་སོང་ནས་སྨད་འཚོང་མའི་བྱ་བར་ཞུགས།  མོས་འདི་ཀུན་བྱས་པའི་ཐོག་ཏུའང་ངའི་རྩར་ལོག་ཤོག་ཅེས་ངས་སྨྲས་ཀྱང་། མོ་ལོག་ནས་མ་འོངས། དེའི་ཨ་ཆེ་ལོག་པར་ཅན་ཡ་ཧུ་དཱས་ཀྱང་དེ་མཐོང་བར་གྱུར་ཏོ།  ངོ་ལོག་པའི་ཨིས་ར་ཨེལ་གྱིས་ལོག་པར་གཡེམ་པའི་རྒྱུ་རྐྱེན་ཐམས་ཅད་ངས་མཐོང་ནས་བཏོན་ཏེ། བྲལ་ཡིག་བྲིས་བཏང་ནས། དེའི་ལོག་པར་ཅན་གྱི་ཨ་ཆེ་ཡ་ཧུ་དཱ་མི་འཇིགས་པའི་ཁར། དེ་ཡང་སོང་ནས་སྨད་ཚོང་མའི་བྱ་བའི་ནང་དུ་ཞུགས་སོ།  ཡང་མོས་ལོག་གཡེམ་ལ་མི་རྩི་བའི་རྐྱེན་གྱིས་ཡུལ་ཁམས་འབགས་པར་བྱས་ཏེ། རྡོ་དང་ཤིང་མཉམ་དུའང་ལོག་གཡེམ་བྱས་སོ། ༡༠ དེ་ཐམས་ཅད་ཀྱི་ཐོག་ཏུའང་། དེའི་ལོག་པར་ཅན་གྱི་ཨ་ཆེ་ཡ་ཧུ་དཱ་སྙིང་ཧྲིལ་པོར་ངའི་ཕྱོགས་སུ་མ་འཁོར་བར། འཁོར་རྫུན་བྱས་ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༡ ཡང་ཡ་ཧོ་ཝཱས་ང་ལ། ལོག་པར་ཅན་གྱི་ཡ་ཧུ་དཱ་ལས། ངོ་ལོག་མཁན་གྱི་ཨིས་ར་ཨེལ་ལྷག་པར་བློ་དྲང་པོ་ཡིན་པར་མངོན་པར་བྱས་སོ། ཞེས་ང་ལ་གསུང་བྱུང་། ༡༢ སོང་ལ་བྱང་ཕྱོགས་སུ་ཚིག་འདི་རྣམས་སྒྲོག་ཅིང་། ཡ་ཧོ་ཝཱས་འདི་སྐད་གསུང་། ངོ་ལོག་མཁན་གྱི་ཨིས་ར་ཨེལ་ཁྱོད། ལོག་ཤོག ཁོ་བོ་སྙིང་རྗེ་ཅན་ཡིན་པས། ཁྱོད་ཀྱི་ཐོག་ཏུ་ངའི་ཐུགས་ཁྲོ་མི་འབེབས་པར་ངས་རྟག་ཏུ་ཐུགས་ཁྲོ་མངའ་བར་མི་བྱའོ། ཞེས་ཡ་ཧོ་ཝཱས་གསུང་། ༡༣ ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་འབངས་གྱིན་ཟློག་བྱས་ཏེ། ཤིང་སྡོང་སྔོན་པོ་ཡིན་ཚད་ཀྱི་ལྐོག་ཏུ། འཁྱམ་པོ་རྣམས་ཀྱི་ལམ་མིན་ནང་འཁོར་ཏེ། ངའི་གསུང་སྒྲ་ལ་མ་ཉན་པས་ན། ད་རང་གི་མི་ཚངས་པ་འབའ་ཞིག་ཁས་ལེན་ཞིག ཅེས་ཡ་ཧོ་ཝཱས་གསུང་ངོ་། ༡༤ ཀྱེ་ངོ་ལོག་མཁན་གྱི་བུ་རྣམས། ལོག་ཤོག ཅེས་ཡ་ཧོ་ཝཱས་གསུང་། དེ་ཅིའི་ཕྱིར་ཞེ་ན། ང་ནི་ཁྱོད་ཀྱི་ཁྱོ་བོ་ལགས་པས། གྲོང་ཁྱེར་རེ་རེའི་ནང་ནས་ཁྱོད་ཀྱི་མི་གཅིག་དང་། ཕ་ཚན་རེའི་ནང་ནས་གཉིས་གཉིས་ངས་བླངས་ཏེ། ཁྱོད་ཙི་ཨོན་དུ་སྐྱེལ་བར་བྱ། ༡༥ ཡང་ངས་ཡིད་མཁོ་བའི་རྫི་བོ་ཤེས་རབ་དང་བློ་མཁས་པས་ཁྱོད་སྐྱོང་བ་རྣམས་སྩོལ་བར་བྱ། ༡༦ ཡང་ནམ་ཁྱོད་ཉིན་མོ་དེ་རྣམས་ཀྱི་ནང་ན་ས་ལ་དར་ཏེ་རྒྱས་པའི་ཚེ་ན། སླར་དེ་དག་གིས། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ། ཞེས་ཟེར་བར་ཡང་མི་འགྱུར། དེ་སྣང་བར་ཡང་མི་འཆར། ཡིད་ཀྱིས་ཀྱང་དྲན་པར་མི་འགྱུར། དེ་མེད་པས་འཕངས་པའང་མི་བྱ། སླར་དེ་བཟོ་བར་ཡང་མི་འགྱུར། ༡༧ དེའི་དུས་སུ་ཡེ་རུ་ཤ་ལེམ་ལ། ཡ་ཧོ་ཝཱའི་རྒྱལ་ཁྲིའོ། ཟེར་ཞིང་། ཡ་ཧོ་ཝཱའི་མཚན་གྱི་ནང་ན་མི་བརྒྱུད་ཡོད་དོ་ཅོག་ཡེ་རུ་ཤ་ལེམ་གྱི་ནང་དུ་འཚོགས་པར་འགྱུར་ཏེ། དེ་ཕྱིན་ཆད་དུའང་དེ་དག་རང་གི་སྙིང་ངན་པའི་ཁ་ལོ་གྱོང་པོ་བཞིན་དུ་སྤྱོད་པར་མི་བྱའོ། ༡༨ དེའི་ཚེ་ན་ཡ་ཧུ་དཱ་པའི་མི་བརྒྱུད་དང་ཨིས་ར་ཨེལ་གྱི་མི་བརྒྱུད་ལྷན་ཅིག་ཏུ་འགྲུལ་ཞིང་། དེ་གཉིས་པོ་འགྲོགས་ནས། བྱང་ཡུལ་ནས་ངས་ཁྱོད་ཀྱི་ཕ་མེས་ལ་ནོར་སྐལ་དུ་བཏང་བའི་ཡུལ་དུ་ཕྱིན་པར་འགྱུར།
༡༩ འོན་ཀྱང་ངས་བུ་རྣམས་ཀྱི་ཁྲོད་དུ་ཁྱོད་ཇི་ལྟར་བསྲེ། མི་བརྒྱུད་ཀུན་གྱི་ས་སྐལ་བཟང་ཤོས་ཡིན་པ། ཡིད་དུ་འོང་བའི་ཡུལ་དེ་གཏང་ཞེས་སྨྲས་པ་ཡིན། དེ་མ་ཟད། ཁྱོད་ཀྱིས་ང་ལ། ངའི་ཡབ། ཞུ་ཞིང་། ང་ལས་འགོལ་བར་མི་འགྱུར་རོ། སྨྲས་པ་ཡིན། ༢༠ འོན་ཀྱང་ཇི་ལྟར་ཆུང་མ་ལོག་པར་ཅན་ཞིག་རང་གི་ཁྱོ་བོ་སྤོང་བར་བྱེད་པ་དེ་བཞིན་དུ། ཁྱོད་ཚོས་ང་ལ་ལོག་པར་བྱས། ཀྱེ་ཨིས་ར་ཨེལ་གྱི་མི་བརྒྱུད་ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༢༡ རི་སྟོང་རྣམས་ན་ཨིས་ར་ཨེལ་གྱི་བུ་རྣམས་ངུ་བ་དང་བཅོལ་བའི་སྐད་ཅིག་ཐོས་བྱུང་། དེའི་རྒྱུ་རྐྱེན་ནི། དེ་དག་གིས་རང་གི་ལམ་རྣམས་འཁྱོག་པོ་བྱས་ཏེ། ཡ་ཧོ་ཝཱ་རང་གི་དཀོན་མཆོག་བརྗེད་པའི་ཕྱིར་རོ༎
༢༢ ལོག་ཤོག ཀྱེ་ངའི་ངོ་ལོག་མཁན་གྱི་བུ་རྣམས། ངས་ཁྱོད་ཀྱི་བྱེད་པ་དེ་མེད་པར་བྱའོ༎
གཟིགས་ཤིག ཁྱོད་ཡ་ཧོ་ཝཱ་ནི་ངེད་ཀྱི་དཀོན་མཆོག་ལགས་པས། ངེད་རྣམས་ཁྱེད་ཀྱི་དྲུང་དུ་འོང་ངོ་། ༢༣ མཐོ་གླིང་དང་རི་བོའི་ཚོགས་ལས་སྐྱབས་འབྱུང་དུ་རེ་བ་ནི། ཡང་དག་པར་སྙིང་པོ་མེད་པ་ལགས། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་ནང་ན་ཡང་དག་པར་ཨིས་ར་ཨེལ་གྱི་ཐར་པ་ལགས་སོ། ༢༤ གང་ལྟར་ཞེ་ན། ངེད་ཅག་ན་གཞོན་གྱི་དུས་ནས་རང་གི་ཕ་མེས་ཀྱིས་འབད་པའི་ནོར་རྫས་དང་། དེ་དག་གི་ལུག་ཁྱུ་དང་། བ་ཁྱུ་དང་། བུ་དང་བུ་མོ་རྣམས་ནི། ངོ་ཚ་ཡིས་མེད་པར་བྱས། ༢༥ ངེད་ཅག་རང་གི་ངོ་ཚ་བའི་ནང་ན་ཉལ་ཞིང་། རང་གི་ཁྲེལ་བས་ངེད་གཡོགས་སོ། དེ་ཅིའི་ཕྱིར་ཞེ་ན། ཆུང་དུས་ནས། དེ་རིང་གི་ཉི་མའི་བར་དུ་ངེད་ཅག་རང་དང་། ངེད་ཀྱི་ཕ་མེས་ཀྱིས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་སྡིག་པ་བྱས་ཏེ། ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་བཀའི་འབངས་མ་བྱས་སོ༎