ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཨིས་ར་ཨེལ། ཇི་སྟེ་ཁྱོད་ལོག་འོང་ན། ངའི་རྩར་ལོག་ཤོག ཡང་ཇི་སྟེ་ཁྱོད་ཀྱིས་ངའི་ཞལ་ངོ་ནས་རང་གི་སྐྱུག་བྲོ་བ་རྣམས་འདོར་ན། དེ་ནས་ཁྱོད་འཁྱམ་པར་མི་འགྱུར།  ཡང་བདེན་པ་ཉིད་དང་། ཁྲིམས་དྲང་པོ་དང་། དྲང་བ་ཉིད་ཀྱི་ངང་ནས་ཁྱོད་ཀྱིས་ཡ་ཧོ་ཝཱ་གསོན་པོའི་མནའ་སྐྱེལ་བར་འགྱུར། དེ་ནས་མི་རིགས་རྣམས་ཀྱིས་ཁོང་གི་ནང་ན་རང་ལ་བྱིན་གྱིས་རློབ་ཅིང་། ཁོང་གི་ཆེད་དུ་ངོམ་སྟོན་པར་འགྱུར་རོ༎
 དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཡ་ཧུ་དཱ་པ་དང་ཡེ་རུ་ཤ་ལེམ་པ་རྣམས་ལ། ཚེར་ཁྲོད་དུ་ས་བོན་མ་འདེབས་པར་རང་གི་ཞིང་ཐ་གོག་རྨོས་ཤིག་ཅེས་གསུང་།  ཀྱེ་ཡ་ཧུ་དཱ་པ་དང་ཡེ་རུ་ཤ་ལེམ་པ་རྣམས། ཡ་ཧོ་ཝཱའི་དོན་དུ་རང་གི་མདུན་ལྤགས་ཆོད་ལ། རང་གི་སྙིང་གི་མདུན་ལྤགས་ཆོད་ཅིག དེ་མིན་ཁྱོད་ཅག་གི་སྤྱོད་པ་ངན་པས་རྐྱེན་བྱས་ཏེ། ངའི་ཁྲོ་གཏུམ་མེ་ལྟར་མཆེད་དེ། སུས་ཀྱང་གསོད་མི་ནུས་པ་ཞིག་ཏུ་འབར་བར་འགྱུར།
 ཡ་ཧུ་དཱའི་ནང་ན་འབོད་སྒྲོག་ཅིང་། ཡེ་རུ་ཤ་ལེམ་གྱི་ནང་དུ་སྐད་གཏོང་ཞིང་དེ་དག་ལ། ཡུལ་ཁམས་ཀྱི་ནང་དུ་རྒྱ་དུང་ཕུས་ཤིག གྲོང་ཁྱེར་བཙན་པོ་རྣམས་སུ་འགྲོ་བའི་ཕྱིར། ཕྱོགས་གཅིག་ཏུ་ཚོགས་པར་བྱོས། ཅེས་ཟེར་ཞིག་བྱས་ནས་སྦྲོན་ཞིག  ཙི་ཨོན་གྱི་ཐད་དུ་དར་ཆེན་སྒྲེང་ལ། མ་སྡོད་པར་ཡིབ་ཏུ་བྲོས་ཤིག དེ་ཅིའི་ཕྱིར་ཞེ་ན། ཁོ་བོས་བྱང་ཕྱོགས་ལས་རྐྱེན་ངན་དང་འཇིག་པ་ཆེན་པོ་ཞིག་འཁྱེར་ཡོང་རྒྱུ་ཡིན།  སེང་གེ་ནི་ནགས་ཚལ་ལས་ཐོན་ཟིན། མི་བརྒྱུད་རྣམས་མེད་པར་བྱེད་མཁན་དེ་ལམ་དུ་ཞུགས་སོང་། ཁྱོད་ཀྱི་ཡུལ་ཁམས་སྟོངས་འཇུག་ཏུ་ཁོ་རང་གི་ས་ཆ་ནས་ཐོན་ཚར། ཁྱོད་ཀྱི་གྲོང་ཁྱེར་རྣམས་སུ་མི་གཅིག་ཀྱང་མི་ལུས་པ་ཙམ་དུ་སྟོངས་པར་འགྱུར།  དེ་བས་ན་རེ་བ་ནག་པོ་དཀྲིས་ཤིག མྱ་ངན་བྱེད་ཅིང་སྨྲེ་སྔགས་ཐོང་ཞིག དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་ཁྲོ་གཏུམ་འཇིགས་སུ་རུང་བ་དེ་ངེད་ཀྱི་ཐོག་ལས་མ་ཡོལ་ཏོ།  ཡང་ཉིན་མོ་དེར་འདི་འདྲ་འབྱུང་བར་འགྱུར། རྒྱལ་པོའི་སྙིང་དང་། སྐུ་དྲག་རྣམས་ཀྱི་སྙིང་སྟོབས་ཉམས་ཤིང་། བླ་མ་རྣམས་ཧོན་འཐོར་ཞིང་། ལུང་སྟོན་པ་རྣམས་ཧ་ལས་པར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༠ དེ་ནས་ངས་ཞུས་པ། ཀྱེ་ཧུད། ཀྱེ་ཡ་ཧོ་ཝཱ། གཙོ་བོ། ཁྱེད་ཀྱིས་མི་སྡེ་འདི་དང་ཡེ་རུ་ཤ་ལེམ་ལ། ཁྱོད་ལ་ཞི་བའི་བདེ་བ་འགྱུར་བར་འགྱུར་རོ་གསུང་ཞིང་རབ་ཏུ་མགོ་བསླུས་པར་མཛད་པས། ད་སྲོག་གི་ཁར་རལ་གྲི་སླེབ་བྱུང་།
༡༡ དེའི་ཚེ་མི་སྡེ་འདི་དང་ཡེ་རུ་ཤ་ལེམ་ལ་འདི་སྐད་སྦྲོན་པར་འགྱུར། འབྲོག་སྟོང་གི་སྒང་ལས་གཡབ་པའམ། འདག་པའི་དོན་དུ་མ་ཡིན་པའི་རླུང་ཚ་ངད་ལྡན་པ་ཞིག་ངའི་མི་སྡེའི་བུ་མོའི་ཐད་དུ་རྒྱུག་པར་འགྱུར། ༡༢ འདི་རྣམས་ནས་དེ་དག་ལས་ཀྱང་ཆེར་ཤུགས་དང་ལྡན་པའི་རླུང་ཞིག་ངའི་ཐད་དུ་འཐོན་པར་འགྱུར། ད་ངས་ཀྱང་དེ་དག་གི་ཁྲིམས་ཐག་གཅོད་པར་བྱའོ། ༡༣ ལྟོས་ཤིག དེ་ནི་སྤྲིན་ལྟར་འོང་། དེའི་ཤིང་རྟ་རྣམས་རླུང་དམར་དང་འདྲ། དེའི་རྟ་ནི་བྱ་གོ་བོ་བས་ཀྱང་མགྱོགས་ཨ་ཁ་ཁ། ངེད་ཅག་བཅོམ་པར་གྱུར་ཏོ༎
༡༤ ཀྱེ་ཡེ་རུ་ཤ་ལེམ། ཁྱོད་ཐར་བར་འགྱུར་དུ་རང་གི་སྙིང་ནས་མི་དགེ་བ་ཁྲུད་ཅིག དུས་ནམ་གྱི་བར་དུ་ཁྱོད་ཀྱི་བསམ་ངན་དེ་ཁྱོད་ཀྱི་ཁོག་པའི་ནང་ན་གནས་ཚང་བྱེད་པར་འགྱུར། ༡༥ དེ་ཅིའི་ཕྱིར་ཞེ་ན། དཱན་གྱི་ནང་ནས་སྐད་ཅིག་འདུག ཨེབ་ར་ཨིམ་གྱི་རི་ལས་སྡུག་བསྔལ་གྱི་སྐད་སྒྲོག་གིན་གདའ། ༡༦ ཁྱོད་ཀྱིས་མི་བརྒྱུད་རྣམས་ལ་ཤོད་ཅིག ཀྱེ་ཧོ། ཡེ་རུ་ཤ་ལེམ་གྱི་ཐད་དུ་སྐད་རྒྱོབ་ཅིག སོ་པ་རྣམས་རྒྱང་རིང་པོའི་ཡུལ་ནས་འོང་གིན་འདུག ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ཀྱི་ཐད་དུ་ཀི་ཀི་སྒྲོག་པར་བྱེད། ༡༧ ཞིང་སྲུང་མཁན་དག་དང་འདྲ་བར་དེ་དག་གིས་མོ་ནི་ཕྱོགས་བཞི་ལས་སྐོར་བར་བྱེད། གང་ལ་ཞེ་ན། མོས་ང་ལ་ངོ་ལོག་བྱས་པའི་ཕྱིར་རོ། ཞེས་ཡ་ཧོ་ཝཱས་གསུང་། ༡༨ འདི་དག་ཁྱོད་ཀྱི་ཐབས་དང་སྤྱོད་པས་ཁྱོད་ཕྱིར་བསྐྱེད་པ་ཡིན། འདི་ནི་ཁྱོད་ཀྱི་མི་དགེ་བའི་ལས་ཡིན། འོ་ན། དེ་ནི་རོ་ཁ་བ་སྟེ། ཁྱོད་ཀྱི་སྙིང་ལ་འཁྲིལ་ལོ༎
༡༩ ཨ་ར་ར། ངའི་རྒྱུ་མ། ཨ་ར་ར། ངའི་རྒྱུ་མ། ངའི་སྙིང་རང་ལ་ཟུག་གཟེར་བྱུང་། ངའི་ཁོག་ནང་སྙིང་དྲག་པོར་རྡུང་བས། ཁ་རོག་སྡོད་མི་ནུས། དེ་ཅིའི་ཕྱིར་ཞེ་ན། ཀྱེ་ངའི་སེམས། ཁྱོད་ཀྱིས་དམག་དུང་དང་འཐབ་མོའི་ཀི་ཀིའི་སྒྲ་ཐོས། ༢༠ བཞིག་པའི་ཁར་བཞིག་པའི་ཀུ་སྒྲ་བྱུང་། གང་ལ་ཞེ་ན། ཡུལ་ཁམས་ཐམས་ཅད་བཤིག་སྟེ། བློ་བུར་དུ་ངའི་གུར་རྣམས་དང་། ཡུད་ཅིག་ནང་ངའི་ཡོལ་བ་རྣམས་མེད་པར་བྱས། ༢༡ དུས་ནམ་གྱི་བར་དུ་ངས་འཕྱར་དར་མཐོང་ཞིང་། དམག་དུང་གི་སྐད་ཐོས་ཀྱིན་འདུག་པར་འགྱུར།
༢༢ གང་ལ་ཞེ་ན། ངའི་མི་སྡེ་བློ་དམུན་པས་ངའི་ངོ་མི་ཤེས། འདི་དག་ནི་གོ་བ་མེད་པའི་བྱིས་པ་ཡིན་ཏེ། གང་ལའང་བློ་གྲོས་མེད། ངན་བྱེད་པ་ལ་དེ་དག་མཁས། འོན་ཀྱང་བཟང་པོ་བྱེད་པའི་ཤེས་རྒྱུ་མེད། ༢༣ ངས་ས་གཞི་ལ་བལྟས་པ་དང་། ཀྱེ་ཧོ། སྟོང་པ་དང་ཁྲེ་བཞིག་གེ་བར་འདུག ནམ་མཁའ་རྣམས་ཀྱང་འོད་དང་བྲལ། ༢༤ ངས་རི་བོ་རྣམས་བལྟས་པ་དང་། ཀྱེ་ཧོ། དེ་དག་འདར་ཞིང་། རི་ཕྲན་ཐམས་ཅད་རབ་ཏུ་གཡོས། ༢༥ ངས་ལྟས་པས། ཀྱེ་ཧོ། མི་གང་ཡང་མི་འདུག ནམ་མཁའི་བྱ་ཐམས་ཅད་ཀྱང་བྲོས་ནས་མི་འདུག ༢༦ ངས་བལྟས་པ་དང་། ཀྱེ་ཧོ། རྩི་ཤིང་དང་ལྡན་པའི་ས་ཆ་དེ་འབྲོག་སྟོང་དུ་གྱུར་ཏེ། ཡ་ཧོ་ཝཱའི་ཞལ་ངོ་དང་། ཁོང་གི་ཐུགས་ཁྲོ་དྲག་པོའི་མདུན་དུ་དེའི་གྲོང་ཁྱེར་ཐམས་ཅད་བརྡིབས་འདུག་གོ།
༢༧ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ཡུལ་ཁམས་ཐམས་ཅད་སྟོངས་པར་འགྱུར་གྱིས། རྩད་ནས་ནི་མེད་པར་མི་བྱའོ། ༢༨ ངས་སྨྲས་ཟིན་ཏེ། འགྱོད་པར་ཡང་མི་བྱ། དམིགས་ཟིན་པས། ང་དེ་ལས་ཟློག་པར་ཡང་མི་འགྱུར། དེའི་སླད་དུ་ས་གཞིས་མྱ་ངན་དང་། སྟེང་གི་གནམ་རྣམས་མུན་ཐིབ་པར་འགྱུར་རོ། ༢༩ རྟ་པ་དང་། མདའ་པའི་ཀུ་སྒྲའི་རྐྱེན་གྱིས་གྲོང་ཁྱེར་ཚང་མ་འབྲོས་ཏེ། ནགས་འཐུག་པོའི་ནང་དུ་འགྲོ་ཞིང་། བྲག་རྣམས་ལ་འཛེགས་འགྲོ་བར་འགྱུར། གྲོང་ཁྱེར་ཐམས་ཅད་སྤངས་ཏེ། དེར་མི་སུའང་མི་འདུག ༣༠ དེ་ནས་ཁྱོད་བཅོམ་པར་འགྱུར་བའི་དུས་སུ་ཅི་བྱ། ཁྱོད་གོས་དམར་གྱོན་རུང་། གསེར་ཆས་ཀྱིས་རྒྱན་རུང་། མིག་རྩི་བསྐུས་ནས་རང་གི་མིག་ཆེ་བར་བྱེད་རུང་། ཁྱོད་ཀྱིས་སྟོང་ཟད་དུ་རང་མཚར་པོར་བྱེད། ཁྱོད་ཀྱི་ཡིད་གྲོགས་ཀྱིས་ཁྱོད་ཁྱད་དུ་སད་དེ། ཁྱོད་ཀྱི་སྲོག་ལ་རྔམ་པར་འགྱུར། ༣༡ དེ་ཅིའི་ཕྱིར་ཞེ་ན། ཙི་ཨོན་གྱི་བུ་མོའི་སྐད་དེ་ནི། སྐྱེ་གཟེར་ཐེབས་པའི་བུད་མེད་ཀྱི་སྐད་ལྟ་བུ་དང་། སྔོན་སྐྱེས་བཙའ་བའི་སྨྲེ་སྔགས་དང་མཚུངས་པ་ཞིག་ངས་ཐོས་བྱུང་། མོ་ཧིག་གིན་ལག་པ་བགྲད་དེ། གསོད་མཁན་གྱི་མདུན་དུ་ངའི་སེམས་ཉིད་ཀྱི་དྲན་པ་སྟོར། ད་ང་བརླགས་བྱུང་ཟེར་གྱིན་གདའོ༎