༦༦
ཡ་ཧོ་ཝཱས་འདི་སྐད་གསུང་། ནམ་མཁའ་ནི་ངའི་རྒྱལ་ཁྲི་དང་། ས་ངའི་ཞབས་སྟེགས་ལགས་པས་ན། ང་ལ་ཁྱོད་ཀྱིས་ཇི་ལྟར་བུའི་ཁྱིམ་ཞིག་རྩིག་པར་བྱ། ཡང་ན་གང་གནས་ངའི་བསྟི་གནས་སུ་འགྱུར་བར་རུང་།  དེ་ཅིའི་ཕྱིར་ཞེ་ན། དངོས་པོ་འདི་དག་ཐམས་ཅད་ངའི་ཕྱག་གིས་བཀོད་པས། འདི་ཐམས་ཅད་བྱུང་བ་ཡིན་ནོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། འོན་ཀྱང་དབུལ་ཞིང་སྙིང་ཆག་པོ་དང་། ངའི་བཀའ་ལུང་ལ་འདར་བའི་མི་དེ་ལ་ནི་ངས་གཟིགས་པར་བྱའོ།  གླང་གསོད་པ་དེ་མི་གསོད་མཁན་དང་འདྲ། ལུ་གུ་མཆོད་པར་འབུལ་བ་དེ་ཁྱིའི་སྐེ་གཅོད་མཁན་དང་འདྲ། ཚོགས་འབུལ་བ་དེ་ཕག་གི་ཁྲག་འབུལ་བ་དང་འདྲ། བདུག་སྤོས་བདུག་པ་དེ་སྐུ་འདྲར་ཤིས་པ་བརྗོད་པ་དང་འདྲའོ། འོ་ན། དེ་དག་གིས་རེ་རང་གི་ལམ་འདམས་ཏེ། རང་གི་ཞེན་ལོག་རྣམས་ལ་སེམས་བསོད་པས།  ད་ངས་ཀྱང་དེ་དག་གི་དཀའ་སྡུག་རྣམས་འདམས་ཏེ། དེ་དག་གི་འཇིགས་སྣང་རྣམས་དེའི་ཐོག་ཏུ་འབེབས་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ངས་བོས་དུས་ཀྱང་ཨང་ལན་མ་བཏང་། ངས་གླེང་བའི་ཚེ་དེ་དག་གིས་མ་ཐོས། དེའི་སྟེང་དུ་དེ་དག་གིས་ངའི་སྤྱན་གྱི་མདུན་དུ་མི་དགེ་བ་ལ་སྤྱད་ཅིང་། ང་མི་དགའ་བའི་བྱ་བ་རྣམས་འདམས་སོ༎
 ཡ་ཧོ་ཝཱའི་བཀའ་ལུང་གིས་འདར་བ་ཁྱེད་ཀྱིས་ཁོང་གི་གསུང་ལ་ཉོན་ཞིག ཁྱོད་ལ་འཁོན་དུ་འཛིན་ཏེ། ངའི་མཚན་གྱི་དོན་དུ་ཁྱོད་ཅག་སྐྲོད་པའི་རང་གི་སྤུན་དག་གིས། ཁྱོད་ཀྱི་སེམས་དགའ་བ་སྣང་བའི་ཕྱིར། ཡ་ཧོ་ཝཱ་དཔལ་དང་ལྡན་པར་གྱུར་ཅིག་སྨྲས་ཀྱང་། དེ་དག་ནི་སྐྱེངས་པར་འགྱུར་རོ།  རྒྱལ་ས་ལས་འདུ་འཛིའི་སྐད། མཆོད་ཁང་ནས་སྐད་ཅིག ཡ་ཧོ་ཝཱས་ཉིད་ཀྱི་ཕ་རོལ་པ་དག་ལས་དགྲ་ཤ་རྩོད་པར་མཛད་པའི་གསུང་སྒྲ་ཆེམས་སེ་ཆེམས།
 མོ་ལ་སྐྱེ་གཟེར་གྱི་སྔོན་དུ་བཙས་ཏེ། ཟུག་ཟེར་ལས་གོང་དུ་བུ་ཕོ་ཞིག་སྐྱེས།  འདི་འདྲ་སུས་ཐོས། འདི་ལྟ་བུའི་བྱ་བ་སུས་མཐོང་ངམ། ཉིན་གཅིག་གི་ནང་ན་ཡུལ་ཞིག་སྐྱེ་བའམ། སྐད་ཅིག་ཉིད་དུ་མི་སྡེ་ཞིག་སྐྱེད་སྲིད་དམ། གང་ལ་ཞེ་ན། ཙི་ཨོན་ལ་སྐྱེ་གཟེར་འབྱུང་མ་ཐག་ཏུ། རང་གི་ཕྲུ་གུ་རྣམས་སྐྱེས་སོ།  ངས་སྐྱེ་རན་དུ་བཅུག་ནས། སྐྱེད་པར་མི་བྱའམ། ཞེས་ཡ་ཧོ་ཝཱས་གསུང་ངོ་། སྐྱེར་འཇུག་པ་ངས་སྐྱེ་སྒོ་གཅོད་པར་འགྱུར་རམ། ཞེས་ཁྱོད་ཀྱི་དཀོན་མཆོག་གིས་གསུང་ངོ་༎
༡༠ ཡེ་རུ་ཤ་ལེམ་ལ་ཆགས་པ་ཁྱོད་ཐམས་ཅད། དེ་དང་ལྷན་ཅིག་ཏུ་དགའ་ཞིང་། མགུ་ལ་ཡི་རངས་ཤིག དེའི་སླད་དུ་མྱ་ངན་བྱེད་པ་ཁྱོད་ཐམས་ཅད་དགའ་མགུ་བས་དེ་དང་ལྷན་ཅིག་ཏུ་སེམས་སྤྲོ་བར་གྱིས་ཤིག ༡༡ ཁྱོད་ཀྱིས་འཇིབ་ཅིང་། དེའི་སེམས་གསོ་བའི་ནུ་མས་ངོམ་པར་འགྱུར་བའི་དོན་དུ། ཁྱོད་ཀྱིས་འཇོ་ཞིང་། མོའི་དཔལ་རྒྱ་ཆེན་པོའི་ནང་ན་ཡི་རང་བའི་ཕྱིར་རོ། ༡༢ གང་ལ་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། ངས་ཁྱོད་ལ་ཞི་བདེ་ནི་ཆུ་བོ་བཞིན་དུ་དང་། མི་བརྒྱུད་དག་གི་ནོར་ནི་གཙང་པོ་འབྲུབ་པ་བཞིན་དུ་སྲུང་བར་བྱའོ། དེ་ནས་ཁྱོད་ཀྱིས་འཇིབ་ཅིང་། མོས་ཁྱོད་མཆན་ཁུང་དུ་ཐོགས་ཤིང་། པུས་མོའི་ཁར་རྩེད་འཇུག་པར་བྱའོ། ༡༣ མས་རང་གི་བུ་ལ་སེམས་གསོ་བ་ལྟར། ངས་ཁྱོད་ཀྱི་སེམས་གསོ་ཞིང་། ཡེ་རུ་ཤ་ལེམ་གྱི་ནང་ན་ཁྱོད་ཀྱི་སེམས་གསོ་བར་བྱའོ། ༡༤ ཁྱོད་ཀྱིས་དེ་བཞིན་མཐོང་བའི་ཚེ་ན་སྙིང་དགའ་ཞིང་། ལྗང་པ་གསར་པ་བཞིན་དུ་ཁྱོད་ཀྱི་རུས་པ་རྣམས་བདེ་བར་འགྱུར། ཡང་ཡ་ཧོ་ཝཱའི་བྲན་པོ་རྣམས་ལ་ཁོང་གི་ཕྱག་མངོན་པར་འགྱུར་གྱིས། དགྲ་རྣམས་ལ་ཐུགས་ཁྲོ་འབབ་པར་འགྱུར།
༡༥ དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཧོ། ཐུགས་ཁྲོའི་ནང་ནས་ཁྲོ་གཏུམ་དང་། མེའི་མེ་ལྕེ་དང་བཅས་ཁོང་གི་བཀའ་བཀྱོན་འབེབས་སུ། ཡ་ཧོ་ཝཱ་མེ་དང་རླུང་དྲག་ལྟ་བུའི་ཉིད་ཀྱི་ཤིང་རྟ་དང་བཅས་འབྱོན་པར་འགྱུར་རོ། ༡༦ གང་ལ་ཞེ་ན། ཡ་ཧོ་ཝཱས་མེ་དང་ཉིད་ཀྱི་རལ་གྲིས་ལུས་ཅན་ཐམས་ཅད་ལ་རྩོད་འོང་བས། ཡ་ཧོ་ཝཱས་བཀུམ་པ་མང་ཙམ་ཡོད་པར་འགྱུར། ༡༧ ཚལ་རྣམས་ཀྱི་ནང་ན་གཙང་སྦྲ་དང་དག་སང་བྱེད་པ། ཕག་ཤ་དང་། མི་གཙང་བ་དང་། བྱི་བ་སྡོང་པོ་གཅིག་གི་རྒྱབ་ཏུ་ཟ་བ་ཐམས་ཅད་ལྷན་ཅིག་ཏུ་ནུབ་པར་འགྱུར་རོ་ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༨ གང་ལ་ཞེ་ན། ང་ལ་ནི་དེ་དག་གི་ལས་དང་བསམ་པའི་རྒྱུས་ཡོད། ངས་མི་རིགས་ཀུན་དང་ལྕེ་རྣམས་བསྡུ་བའི་དུས་ལ་འབབ་པར་འགྱུར། དེ་ནས་དེ་དག་འོང་ཞིང་ངའི་གཟི་བརྗིད་མཐོང་བར་འགྱུར། ༡༩ ཡང་ངས་དེ་དག་གི་དཀྱིལ་དུ་རྒྱལ་མཚན་ཞིག་བཙུགས་ནས་དེ་དག་གི་ནང་ནས་ཐར་ནས་ལུས་པ་རྣམས་ཐར་ཤིས་དང་། ཕུལ་དང་། ལུད་བྱ་བའི་མདའ་མཁན་རྣམས་དང་། ཐུ་བལ་དང་། ཡ་ཝན་དང་། ངའི་སྙན་གྲགས་མ་ཐོས་པ། ངའི་དཔལ་བརྗིད་ཀྱང་མ་མཐོང་བའི་རྒྱང་རིང་པོའི་གླིང་ཕྲན་རྣམས་ལ་མངག་པར་བྱ། དེ་དག་གིས་མི་རིགས་རྣམས་ཀྱི་ནང་ན་ངའི་དཔལ་སྒྲོག་པར་འགྱུར་རོ། ༢༠ ཡང་ཡ་ཧོ་ཝཱས་འདི་ལྟར་གསུང་། ཇི་ལྟར་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་སྣོད་གཙང་མའི་ནང་དུ་ཡ་ཧོ་ཝཱ་ལ་ཚོགས་འཁྱེར་བའི་ཚུལ་དང་འདྲ་བར། དེ་དག་གིས་ཁྱོད་ཀྱི་སྤུན་ཐམས་ཅད་མི་བརྒྱུད་ཀུན་གྱི་ཁྲོད་ལས་རྟ་དང་། ཤིང་རྟ་དང་། འཁྱོགས་དཔྱང་དང་། དྲེལ་དང་རྔ་མོང་རྣམས་ལ་བསྐྱོན་ཏེ། ཡ་ཧོ་ཝཱར་ཚོགས་མཆོད་དུ་ཡེ་རུ་ཤ་ལེམ་དུ་ངའི་དམ་པའི་རི་བོར་སྐྱེལ་བར་འགྱུར་བ་དང་། ༢༡ དེ་དག་གི་ནང་ནས་ཀྱང་བླ་མ་དང་ལེ་ཝི་པར་འགྱུར་བའི་མི་རྣམས་ངས་བླང་བར་བྱའོ་ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༢༢ ཡང་ཇི་ལྟར་ངས་མཛད་རྒྱུ་ཡིན་པའི་ནམ་མཁའ་གསར་པ་དང་ས་གསར་པ་ངའི་དྲུང་ན་གནས་པར་འགྱུར། དེ་བཞིན་དུ་ཁྱོད་ཀྱི་བུ་བརྒྱུད་དང་མིང་གཉིས་ཀྱང་གནས་པར་འགྱུར་རོ་ཞེས་ཡ་ཧོ་ཝཱས་གསུང་ངོ་། ༢༣ དེ་ནས་ཟླ་ཚེས་ནས་ཟླ་ཚེས་དང་། ཤབ་བཱད་ནས་ཤབ་བཱད་ཀྱི་བར་དུ་ལུས་ཅན་ཐམས་ཅད་ངའི་སྤྱན་སྔར་བསྙེན་བཀུར་བགྱིད་དུ་འོང་བར་འགྱུར་ཞེས་ཡ་ཧོ་ཝཱས་གསུང་ངོ་། ༢༤ དེ་ནས་དེ་དག་ཕྱི་རོལ་ཏུ་བྱུང་ནས། ང་ལ་ངོ་ལོག་བྱས་པའི་མི་རྣམས་ཀྱི་རོ་ལ་ལྟ་བར་འགྱུར་རོ། དེ་ཅིའི་སླད་དུ་ཞེ་ན། དེ་དག་གི་འབུ་ཡང་མི་འཆི། མེ་ཡང་མི་འཆི་བས། དེ་དག་ནི་ལུས་ཅན་ཡོད་དོ་ཅོག་ལ་ཞེན་ལོག་པའི་རྒྱུར་འགྱུར་བར་འགྱུར་རོ༎ ༎