༦༥
ངའི་སྐོར་མ་དྲིས་པ་དག་ལ་ང་བརྙེད་པ་ཡིན། ང་མ་བཙལ་བ་དག་གིས་ང་ཐོབ་པ་ཡིན། ངའི་མཚན་གྱིས་མི་བརྗོད་པའི་མི་སྡེ་ཞིག་ལངས། ང་ལ་ལྟོས། ང་ལ་ལྟོས་ཤིག་བྱས་པ་ཡིན།  ཉིན་ཐོག་ཐག་ཏུ་རང་གི་ཕྱག་དེ་ནི། རང་གི་བསམ་པའི་ཕྱི་བཞིན་དུ་མི་དགེ་བའི་ལམ་ན་འགྲུལ་བའི་གཉའ་རེངས་ཅན་གྱི་མི་སྡེ་དང་།  ཚལ་རྣམས་ཀྱི་ནང་ན་མཆོད་པ་འབུལ་ཞིང་། པག་བུའི་ཁར་བདུག་སྤོས་བདུག་ཅིང་།  དུར་ཁྲོད་ལ་གནས་ཤིང་། སྦ་ཁུང་ནང་དགོངས་ཞག་བྱེད་དེ། ཕག་ཤ་ཟ་མཁན་དང་། ཡོ་བྱད་ཀྱི་ནང་ན་སྐྱུག་བྲོ་བའི་ཤ་ཁུ་ཡོད་པའི་མི་སྡེ། རྒྱུན་དུ་བདག་གི་ཞལ་ངོར་ཐུགས་ཁྲོ་དཀྲུག་མཁན་གྱི་ཕྱོགས་སུ་ངས་བརྐྱངས་པ་ཡིན།  དེ་དག་གིས། དེ་ཀར་ལངས་སྡོད་ཅིག ང་དང་ཉེ་བར་མ་འོང་ཞིག གང་ལ་ཞེ་ན། ཁྱོད་ལས་ང་རབ་ཏུ་གཙང་ཞེས་ཟེར་རོ། འདི་དག་ནི་ངའི་སྣ་ལ་དུ་བ་དང་། ཉིན་གང་འབར་བའི་མེའོ།  ཀྱེ་ཧོ། འདི་ངའི་མདུན་དུ་ཡི་གེར་བཀོད་པས། ངས་ཞལ་མ་རོག་པར་ལན་འཇལ་ཞིང་། དེ་དག་གི་པང་ནང་དུགས་ལན་སྐོར་བར་བྱ་སྟེ།  ཁྱོད་ཅག་གི་ཉེས་སྐྱོན་དང་ཁྱོད་ཀྱི་ཕ་མེས་ཀྱི་ཉེས་སྐྱོན་གྱི་ལན་ལྷན་ཅིག་ཏུ་འཇལ་བར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་རིའི་སྟེང་དུ་བདུག་སྤོས་བདུགས་ནས། རི་ཕྲན་གྱི་ཁར་བདག་ལ་སྐུར་པ་བཏབ་པས་ན། དེ་དག་གི་པང་དུ་དེ་དག་གི་སྔ་མའི་ལས་བྲེར་བཏབ་ནས་སྟེར་བར་བྱའོ༎
 ཡ་ཧོ་ཝཱས་འདི་སྐད་གསུང་། ཇི་ལྟར་རྒུན་འབྲུམ་གྱི་སྙེ་མའི་ནང་ནི་རྩི་བཅུད་ཡོད་དེ། དེའི་ནང་ན་བྱིན་རླབས་མཆིས་པས། དེ་མེད་པར་མ་བྱེད་ཅིག ཅེས་སུ་ཞིག་གིས་སྨྲ་བ་བཞིན་དུ། ངས་རང་གི་བྲན་པོ་རྣམས་ཀྱི་དོན་དུ་བྱེད་ཅིང་། ཐམས་ཅད་ནི་མེད་པར་མི་བྱའོ།  ཡང་ངས་ཡ་ཀོབ་ཀྱི་ནང་ནས་བརྒྱུད་འཛིན་ཞིག་དང་། ཡ་ཧུ་དཱའི་ནང་ནས་ངའི་རི་བོ་རྣམས་ཀྱི་ནོར་བདག་བུ་ཞིག་ཡར་སྐྱེད་པར་བྱ་བ་དང་། དེའི་ནོར་བདག་བུར་ངས་འདམས་པ་རྣམས་གྱུར་ཏེ། ངའི་བྲན་དག་དེར་གནས་པར་འགྱུར། ༡༠ ང་བཙལ་བའི་མི་རྣམས་ཀྱི་དོན་དུ། ཤཱ་རོན་ནི་ཁྱུ་རྣམས་ཀྱི་རྩྭ་ཁ་དང་། ཨ་ཀོར་གྱི་ལུང་པ་ནི་བ་ཁྱུ་ཉལ་བའི་གནས་སུ་འགྱུར་བར་འགྱུར་རོ། ༡༡ འོན་ཀྱང་ཡ་ཧོ་ཝཱ་སྐྱུར་ཞིང་། ངའི་དམ་པའི་རི་བོ་བརྗེད་དེ། བསོད་བདེའི་ཕྱིར་ལྕོག་ཙེ་བཤམས་ཏེ། དབང་ཐང་གི་ཕྱིར་སྨེད་པའི་རྒུན་ཆང་བཀང་བ་ཁྱོད་རྣམས། ༡༢ ངས་ཁྱོད་རལ་གྲིའི་དབང་ཐང་དུ་གཏད་ནས། ཁྱོད་ཐམས་ཅད་གསོད་གཅོད་ཀྱི་མདུན་དུ་དགུར་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ངས་བོས་དུས་ཁྱོད་ཀྱིས་ཨང་ལན་མ་བཏང་། ངས་གླེང་བའི་ཚེ་ཁྱོད་ཀྱིས་མ་ཐོས་པར། ངའི་སྤྱན་གྱི་མདུན་དུ་ངན་པ་ལ་སྤྱད་དེ། བདག་མ་དགྱེས་པ་རྣམས་འདམས་པའི་ཕྱིར་རོ༎
༡༣ དེ་བས་ན་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་དང་། ངའི་བྲན་དག་གིས་ཟ་བར་འགྱུར། ཁྱོད་བཀྲེས་པར་འགྱུར། ལྟོས། ངའི་བྲན་རྣམས་ཀྱིས་འཐུང་བར་འགྱུར། ཁྱོད་སྐོམ་པར་འགྱུར། ལྟོས། ངའི་བྲན་རྣམས་དགའ་མགུར་སྤྱོད། ཁྱོད་ངོ་ཚ་བར་འགྱུར། ༡༤ ལྟོས། ངའི་བྲན་པོ་རྣམས་སྙིང་གི་དགའ་བདེས་གླུ་ལེན་འོང་། ཁྱོད་རང་གི་སྙིང་ཚེར་གྱིས་ཆོ་ངེས་དང་། སྲོག་གཟེར་གྱིས་སྨྲེ་སྔགས་འདོན་པར་འགྱུར། ༡༥ ཡང་ངས་འདམས་པ་རྣམས་ལ་ཁྱོད་ཀྱིས་རང་གི་མིང་དམོད་ཟོད་ཀྱི་ཕྱིར་དུ་བཞག་ནས་འགྲོ་བར་འགྱུར། ཡ་ཧོ་ཝཱ་དཀོན་མཆོག་གིས་ཁྱོད་གསོད་པར་འགྱུར། རང་གི་བྲན་པོ་རྣམས་ལ་མིང་གཞན་ཞིག་གིས་འབོད་པར་འགྱུར། ༡༦ དེའང་ས་ལ་སུས་ཀྱང་རང་ལ་བྱིན་གྱིས་རློབས་པ་དེས། བདེན་པའི་དཀོན་མཆོག་གི་ནང་ན་རང་ལ་བྱིན་གྱིས་རློབས་པར་འགྱུར། ཡང་ས་ལ་སུས་ཀྱང་མནའ་སྐྱེལ་བ་དེས། བདེན་པའི་དཀོན་མཆོག་གི་མནའ་སྐྱེལ་བར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། སྔར་གྱི་སྡུག་བསྔལ་དག་བརྗེད་དེ། ངའི་སྤྱན་ལས་དེ་དག་སྦས་པའི་ཕྱིར་རོ༎
༡༧ གང་ལ་ཞེ་ན། ཀྱེ་ཧོ། ངས་གསར་བའི་ནམ་མཁའ་དང་གསར་བའི་ས་འགོད་ཅིང་། སྔ་མའི་བྱ་བ་རྣམས་དྲན་པར་ཡང་མི་འགྱུར། ༡༨ ཡིད་ལའང་འཆར་བར་མི་འགྱུར་བས་ན། ཁྱོད་ངའི་འགོད་པའི་ནང་ན་རྟག་ཏུ་དགའ་མགུ་ཞིང་ཡི་རངས་པར་གྱུར་ཅིག དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཧོ། ངས་ཡེ་རུ་ཤ་ལེམ་བདེ་བ་ཅན་དང་། དེའི་མི་རྣམས་བདེ་ལྡན་དུ་བཀོད་དོ། ༡༩ ཡང་ཡེ་རུ་ཤ་ལེམ་ལ་མཉེས་ཤིང་། ངའི་འབངས་ལ་མགུ་བར་འགྱུར། སླར་དེ་ན་ངུ་འཛིའམ་སྨྲེ་སྔགས་ཀྱི་སྒྲ་ནམ་དུའང་ཐོས་པར་མི་འགྱུར། ༢༠ སླར་དེ་རུ་རྒ་བར་མི་འགྱུར་བའི་བྱིས་པ་དང་། རང་གི་ན་སོའི་ཚད་དུ་མི་ཕྱིན་པའི་འགྲེས་པོ་གང་ཡང་འབྱུང་བར་མི་འགྱུར། ལོ་བརྒྱར་ཕྱིན་ནས་འཆི་བ་དེ་ཕྲུ་གུ་ཡིན་པར་འགྱུར་གྱིས། ལོ་བརྒྱ་ལོན་པའི་སྡིག་ཅན་དེ་མི་གླུད་དུ་རྩི་བར་འགྱུར་རོ། ༢༡ དེ་དག་གིས་ཁང་པ་བརྩིགས་ནས་དེའི་ནང་དུ་གནས་ཏེ། རྒུན་ཚལ་བཙུག་ནས་དེའི་འབྲས་བུ་ཟ་བར་འགྱུར། ༢༢ བརྩིགས་ནས་གཞན་གནས་པ་དང་། བཙུགས་ནས་གཞན་གྱིས་ཟ་བ་ནི་འབྱུང་བར་མི་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ངའི་འབངས་ཀྱི་ཚེ་ནི་ཤིང་སྡོང་གི་ཚེ་ལྟར་རིང་ཞིང་། ངས་འདམས་པ་རྣམས་ཀྱིས་རང་གི་ལག་པས་འབད་པ་ལ་ཡུན་རིང་དུ་ལོངས་སྤྱོད་པར་འགྱུར། ༢༣ དེ་དག་གི་ལས་གོད་དུ་ཡང་མི་འགྲོ། བར་ཆད་ཀྱི་བྱིས་པའང་བཙའ་བར་མི་འགྱུར་རོ། གང་ལ་ཞེ་ན། དེ་དག་རང་གི་བརྒྱུད་དང་ལྷན་ཅིག་ཏུ་བྱིན་གྱིས་བརླབས་པའི་བུ་བརྒྱུད་ཡིན་ནོ། ༢༤ དེ་ནས་དེ་དག་གིས་མ་བོས་པའི་སྔོན་དུ་ངས་བཀའ་ལན་གཏོང་ཞིང་། དེ་དག་ཞུ་འཕྲོ་མ་རྫོགས་པར་ངས་གསན་པར་བྱའོ། ༢༥ སྤྱང་ཀུ་དང་ལུ་གུ་གཉིས་ལྷན་ཅིག་ཏུ་འཚོ་ཞིང་། སེང་གེས་གླང་ལྟར་ཕུབ་མ་ཟ་བར་འགྱུར། ཡང་སྦྲུལ་གྱི་ཟ་ཐང་དུ་ཐལ་བ་འགྱུར་འོང་བས། དེ་རྣམས་ཀྱིས་ངའི་རི་བོ་དམ་པ་ཐམས་ཅད་ཀྱི་ནང་ན་གནོད་པ་དང་སྲོག་གཅོད་ཀྱང་བྱེད་པར་མི་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎