༦༤
ཁྱེད་ཀྱི་ཞལ་ངོར་རི་རྣམས་འགུལ་ཞིང་། ཁྱེད་ཀྱི་ནམ་མཁའ་རྣམས་ཧྲལ་ཞིང་འབབ་ན་ཅི་མ་རུང་། ༢ དེ་ཅིའི་ཕྱིར་ཞེ་ན། སྦུར་ཚེ་ལ་མེ་འབར་ཞིང་། མེས་ཆུ་སྐོལ་བ་ལྟར། ཁྱེད་ཀྱི་དགྲ་རྣམས་ནང་ཁྱེད་ཀྱི་མཚན་དར་བ་དང་། མི་བརྒྱུད་རྣམས་ཁྱེད་ཀྱི་སྤྱན་སྔར་འདར་བའི་ཕྱིར་རོ། ༣ ངེད་ཀྱིས་མ་བསམས་པའི་ཁྱེད་ཀྱིས་འཇིགས་སུ་རུང་བ་རྣམས་མཛད་པའི་ཚེ་ན། ཁྱེད་མར་བྱོན་པ་དང་། ཁྱེད་ཀྱི་ཞལ་ངོར་རི་བོ་རྣམས་གཡོས་སོ། ༤ དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཐོག་མ་ནས་མི་སུས་ཀྱང་མ་ཐོས། རྣ་བས་ཀྱང་མ་ཐོས། ཁྱེད་དཀོན་མཆོག་མ་གཏོགས་པར་བསྒུག་པ་རྣམས་ཀྱི་དོན་དུ་དེ་ལྟ་བུ་དག་བྱེད་པ་མིག་གིས་ཀྱང་མ་མཐོང་ངོ་། ༥ ཁྱེད་ཀྱི་གཤེགས་ལམ་ནང་ཁྱེད་དྲན་ཞིང་། སེམས་བདེ་བར་དྲང་བ་ཉིད་ལ་སྤྱོད་པ་དག་ལ་ཁྱེད་འཕྲད་དུ་གཤེགས། ཀྱེ་ཧོ། ཁྱེད་ཐུགས་ཁྲོས། ངེད་ཅག་གིས་ཉེས་པ་བྱས་ཏེ། དེ་དག་གི་ནང་ལ་ངེད་ཡུན་རིང་པོར་གནས་པས། ངེད་ཐར་བར་འགྱུར་རམ། ༦ ངེད་ཐམས་ཅད་མི་གཙང་བའི་རྫས་དང་། ངེད་ཅག་གི་དྲང་བ་ཉིད་ཐམས་ཅད་ནི་གྲིབ་ཅན་གྱི་གོས་ཧྲུལ་དང་འདྲ་བས། ངེད་ཚང་མ་ལོ་མ་ལྟར་རྙིད་དེ། ངེད་ཀྱི་མཚམས་མེད་པ་རྣམས་ཀྱིས་རླུང་དྲག་ལྟར་ངེད་ཁྱེར་ཏེ། ༧ ཁྱེད་ཀྱི་མཚན་བརྗོད་མཁན་དང་། ཁྱེད་ལ་མགོན་འཆོལ་དུ་རང་ལ་རུས་འཇུག་མཁན་གང་ཡང་མེད། དེའང་ངེད་ཀྱི་ཉེས་སྡིག་གི་སྟབས་ཀྱིས། ངེད་ལས་ཉིད་ཀྱི་ཞལ་རས་སྦས་ཏེ། ངེད་མེད་པར་བྱས་པ་ཡིན།༨ འོན་ཀྱང་ད་ནི་ཁྱེད་ངེད་ཀྱི་ཡབ་ལགས། ངེད་ནི་རྫ་ས་དང་ཁྱེད་རྫ་མཁན་ལགས་པས། ངེད་ཐམས་ཅད་ཁྱེད་ཀྱི་ཕྱག་བཟོ་ལགས་སོ། ༩ ཀྱེ་ཡ་ཧོ་ཝཱ། ཐུགས་རབ་ཏུ་འཁྲོ་བར་མ་མཛད་ཅིག རྒྱུན་དུ་ངེད་ཀྱི་ཉེས་ལྟུང་རྣམས་ཐུགས་དྲན་པར་མ་མཛད་ཅིག གཟིགས་ཤིག ངེད་ཅག་ལ་གཟིགས་སུ་གསོལ། ངེད་ཐམས་ཅད་ཁྱེད་ཀྱི་ཆབ་འབངས་ལགས་སོ། ༡༠ ཁྱེད་ཀྱི་གྲོང་ཁྱེར་དམ་པ་རྣམས་འབྲོག་སྟོང་དང་། ཙི་ཨོན་ནི་རི་སྟོང་དང་། ཡེ་རུ་ཤ་ལེམ་ནི་ཐང་སྟོང་དུ་གྱུར་ཏེ། ༡༡ ངེད་ཀྱི་ཕ་མེས་པོ་རྣམས་ཀྱིས་ཁྱེད་ལ་སྟོད་བསྔགས་པའི་ངེད་ཅག་གི་དམ་པའི་ཕོ་བྲང་མཛེས་པོ་དེ་མེས་བསྲེགས་ཏེ། ངེད་ཅག་གི་ཡིད་དུ་འོང་བ་རྣམས་མེད་པར་བྱས། ༡༢ ཀྱེ་ཡ་ཧོ་ཝཱ། བྱ་བ་འདི་དག་གི་ཕྱིར་ཁྱེད་ཐུགས་སྲན་པར་བྱའམ། ཞལ་རོག་པར་བྱའམ། ངེད་ལ་རབ་ཏུ་འཚེ་བར་བྱའམ༎