༦༣
གཟི་བརྗིད་ཀྱི་ན་བཟའ་སྐུ་ལ་གསོལ་ཏེ། མཐུ་དབང་ཆེན་པོའི་ནང་ན་གཤེགས་ཤིང་། ཨེ་དོམ་གྱི་ཕྱོགས་ནས་ན་བཟའ་མཚལ་ཁ་གསོལ་ནས། བོས་རཱ་ནས་བྱོན་པ་འདི་སུ་ལགས། དྲང་བ་ཉིད་ཀྱི་ངང་ན་གླེང་ཞིང་སྐྱོབ་པའི་མཐུ་སྟོབས་དང་ལྡན་པ་དེ་ནི་ང་ཡིན་ནོ།  ཁྱེད་ཀྱི་ན་བཟའ་དམར་ཞིང་། རྒུན་གྱི་འཆག་གཞོང་ནང་འཆགས་བྱེད་པའི་མི་དང་འདྲ་བའི་སྐུ་ཆས་ཅིའི་ཕྱིར་གསོལ་བ་ལགས།  ང་གཅིག་པུས་འཆག་གཞོང་ནང་བཅག་པ་ཡིན། མི་བརྒྱུད་རྣམས་ཀྱི་ནང་ནས་གང་ཡང་ང་མཉམ་མེད་པ་ཡིན། འོ་ན། ངས་རང་གི་ཐུགས་ཁྲོའི་ནང་ན་དེ་དག་བརྫིས་ཏེ། ཁྲག་རླུང་གི་ནང་ན་རྐང་གདགས་སུ་བཏང་བས། དེ་དག་གི་ཁོང་ཁྲག་ངའི་གོས་ཁར་གཏོར་ནས། ངས་རང་གི་གོས་ཀུན་བརླགས་སུ་བཅུག་པ་ལགས།  དེ་ཅིའི་ཕྱིར་ཞེ་ན། དགྲ་ལན་ལེན་པའི་ཉིན་མོ་དེ་ངའི་སྙིང་གི་ནང་ན་ཡོད་པས། ངས་སྐྱོབ་པ་རྣམས་ཀྱི་ལོ་དེ་བསླེབས་ཚར།  ཡང་ངས་བལྟས་པས། གྲོགས་བྱེད་མཁན་གཅིག་ཀྱང་མེད། རྒྱབ་སྐྱོར་བྱེད་མི་གང་ཡང་མ་བྱུང་བས། ང་ཧ་ལས་པར་གྱུར་ཏོ། དེ་བས་ན་ང་རང་གི་ཕྲག་པས་ངའི་དོན་དུ་ཐར་པ་དྲངས་ཏེ། ངའི་ཁྲོས་ང་ལ་རྒྱབ་རྟེན་བྱས་སོ།  ཡང་ངས་རང་གི་ཁོང་ཁྲོའི་ནང་ན་མི་བརྒྱུད་རྣམས་བརྫིས་ཏེ། ཁྲག་རླུང་གི་ནང་ན་དུམ་བུར་བཅག་སྟེ། དེ་དག་གི་ཁོང་ཁྲག་ས་ལ་ཕོས་པ་ཡིན།
 ངས་ཡ་ཧོ་ཝཱའི་བརྩེ་གདུང་དང་། ཡ་ཧོ་ཝཱས་ངེད་ཅག་ལ་སྩལ་བ་ཐམས་ཅད་ལ་དཔག་སྟེ། ཨིས་ར་ཨེལ་གྱི་ཁྱིམ་ལ་ཁོང་ཉིད་ཀྱི་ཐུགས་བརྩེ་བ་ཆེན་པོ་དང་བརྩེ་གདུང་དཔག་མེད་པ་བཞིན་དུ་གནང་བར་མཛད་པའི་ཡ་ཧོ་ཝཱ་ཉིད་ཀྱི་བསྟོད་པའི་གཏམ་བྱའོ།  གང་ལ་ཞེ་ན། ཁོང་གིས་འདི་སྐད་དུ། དེ་དག་ནི་ཟོལ་ཟོག་མི་བྱེད་པའི་བུ་དང་ངའི་ཆབ་འབངས་ངོ་ཐོག་ལགས་སོ་གསུངས་པ་ལྟར། ཁོང་ནི་དེ་དག་གི་སྐྱབས་མགོན་དུ་གྱུར་ཏོ།  དེ་དག་གི་སྡུག་བསྔལ་ཐམས་ཅད་ཀྱི་ནང་ན་ཁོང་འོ་བརྒྱལ་ཏེ། ཁོང་གི་སྐུ་མདུན་གྱི་ཕོ་ཉས་དེ་དག་སྐྱོབས་པར་བྱས། ཉིད་ཀྱི་བྱམས་པ་དང་སྙིང་རྗེའི་ནང་ནས་དེ་དག་བསྒྲལ་བར་མཛད་དེ། ཁོང་གིས་དེ་དག་ཐོགས་ཏེ། སྔར་འདས་པའི་དུས་ཐམས་ཅད་ཀྱི་ནང་ན་གྲགས་ཁྱེར་ཏོ། ༡༠ འོན་ཀྱང་དེ་དག་གིས་ངོ་ལོག་བྱས་ཏེ། ཁོང་གི་ཐུགས་ཉིད་དམ་པ་ལ་ཕུགས་འཁྲུགས་བཅུག་པས། ཁོང་དེ་དག་གི་དགྲ་བོར་གྱུར་ནས། དེ་དག་ལ་འཐབས་སོ༎
༡༡ དེ་ནས་ཁོང་གི་མི་སྡེས་སྔོན་འདས་པའི་དུས་དང་། མོ་ཤེ་དང་། དེའི་མི་རྣམས་དྲན་པར་གྱུར་ཏེ། འདི་ན་རེ། དེ་དག་རང་གི་ལུག་ཁྱུའི་རྫི་བོ་དང་བཅས་རྒྱ་མཚོའི་ནང་ནས་བཏོན་མཛད་ཁོང་ག་ན་བཞུགས། དེ་དག་གི་ནང་དུ་ཉིད་ཀྱི་ཐུགས་ཉིད་དམ་པ་བཅུག་མཁན་ཁོང་ག་ན་བཞུགས། ༡༢ ཁོང་ཉིད་ལ་རྟག་པའི་མཚན་འདོན་པའི་སླད་དུ། མོ་ཤེའི་ལག་གཡས་པའི་ཐད་ལས་ཉིད་ཀྱི་ཕྱག་དཔལ་དང་ལྡན་པ་དེ་གཤེགས་སུ་བཅུག དེ་དག་གི་མདུན་དུ་ཆུ་བཤགས། ༡༣ གཏིང་ཟབ་པོའི་ནང་ནས་དེ་དག་ཁྲིད་དེ། རྩྭ་ཐང་གི་རྟ་ཕོ་འདྲར་དེ་རྣམས་འབུབ་ཏུ་མ་བཅུག ༡༤ ལུང་པའི་མདོར་འབབ་པའི་དུད་འགྲོ་དང་མཚུངས་པར། ཡ་ཧོ་ཝཱའི་ཐུགས་ཉིད་ཀྱིས་དེ་དག་ངལ་གསོ་རུ་བཅུག་སྟེ། ཁྱེད་ཉིད་ལ་དཔལ་དང་ལྡན་པའི་མཚན་འདོན་པའི་ཕྱིར་དུ། ཉིད་ཀྱི་འབངས་དེ་ལྟར་ཁྲིད་པ་ལགས་སོ༎
༡༥ ནམ་མཁའ་ནས་ཚུར་གཟིགས་ཤིག ཉིད་ཀྱི་བཞུགས་གནས་དམ་པ་དང་གཟི་བྱིན་ལྡན་པ་ནས་གཟིགས་སུ་གསོལ། ཁྱེད་ཀྱི་ཐུགས་རུས་དང་མཐུ་སྟོབས་ག་ན་ཡོད། ཁྱེད་ཀྱི་ཕྱལ་གྱི་ཤུགས་སྒྲ་དང་བདག་ལ་ཐུགས་བརྩེ་བ་རྣམས་ཉམས་པར་གྱུར་ཏམ། ༡༦ ཨབ་ར་ཧམ་གྱིས་ངེད་ངོ་མ་ཤེས་ཏེ། ཨིས་ར་ཨེལ་ལ་ངེད་ཀྱི་རྒྱུས་མེད་ནའང་། ཁྱེད་ནི་ཐེ་ཚོམ་མེད་པར་ངེད་ཅག་གི་ཡབ་ལགས་སོ། ཀྱེ་ཡ་ཧོ་ཝཱ། ཁྱེད་ནི་ངེད་ཀྱི་ཡབ་དང་། ངེད་ཀྱི་སྒྲོལ་མཛད་ལགས། ཁྱེད་ཀྱི་མཚན་ཐོག་མ་མེད་པ་ནས་ལགས་སོ། ༡༧ ཀྱེ་ཡ་ཧོ་ཝཱ། ཅིའི་ཕྱིར་དུ་ཁྱེད་ཀྱི་གཤེགས་ལམ་ལས་ངེད་ལམ་ནོར་དུ་བཅུག་པ་ལགས། ཅིའི་ཕྱིར་ཁྱེད་ལ་མི་འཇིགས་སུ་ངེད་ཀྱི་སྙིང་མཁྲེགས་པར་མཛད། ཉིད་ཀྱི་ནོར་སྐལ་གྱི་སྡེ་རྣམས་དང་ཞབས་ཕྱི་རྣམས་ཀྱི་དོན་དུ་སླར་འབྱོན་པར་མཛོད། ༡༨ ཉིད་ཀྱི་མི་བརྒྱུད་དམ་པ་ལ་དུས་རེ་ཞིག་བདག་ཏུ་བཟུང་གིས། ད་ནི་ངེད་ཀྱི་ཕ་རོལ་པས་ཁྱེད་ཀྱི་གནས་དམ་པ་ལ་རྡོག་པས་བརྫིས། ༡༩ ངེད་ནི་ཁྱེད་ཀྱིས་ནམ་དུ་ཡང་སྲིད་མ་བསྐྱངས་པ་དང་། ཁྱེད་ཀྱི་མཚན་མི་འཁུར་བའི་མི་དང་འདྲ་བར་གྱུར་ཏོ༎