༦༢
ཙི་ཨོན་གྱི་དྲང་བ་ཉིད་ནི་འོད་མདངས་ལྟར་ཤར་བ་དང་། ཡེ་རུ་ཤ་ལེམ་གྱི་ཐར་པ་ནི་སྒྲོན་མེ་ལྟར་མ་འབར་བའི་བར་དུ། བདག་ཙི་ཨོན་གྱི་ཕྱིར་ཁ་ཡང་མི་རོག་ཅིང་། ཡེ་རུ་ཤ་ལེམ་གྱི་ཕྱིར་དལ་བར་ཡང་མི་སྡོད།  དེ་ནས་ཕྱི་པ་རྣམས་ཀྱིས་ཁྱོད་ཀྱི་དྲང་བ་ཉིད་དང་། རྒྱལ་པོ་ཀུན་གྱིས་ཁྱོད་ཀྱི་དཔལ་མཐོང་བར་འགྱུར། ཡང་ཁྱོད་ལ་ཡ་ཧོ་ཝཱའི་ཞལ་གྱིས་བཏགས་པའི་མིང་གསར་པ་ཞིག་གིས་འབོད་པར་འགྱུར།  ཡང་ཁྱོད་ཡ་ཧོ་ཝཱའི་ཕྱག་ནས་གཟི་བརྗིད་ཀྱི་ཅོད་པན་ཞིག་དང་། རང་གི་དཀོན་མཆོག་གི་ཕྱག་ན་གཙུག་རྒྱན་དུ་འགྱུར་བར་འགྱུར།  སླར་ཁྱོད་ལ་བསྐྱུར་པ་ཡང་ཟེར་བར་མི་འགྱུར་ཏེ། ཁྱོད་ཀྱི་ཡུལ་ལ་ཡུལ་སྟོང་ཡང་འགྲགས་པར་མི་འགྱུར་གྱིས། ཁྱོད་ལ་ངའི་ཡིད་འོང་མ་དང་། ཁྱོད་ཀྱི་ཡུལ་ལ་ཁྱོ་ལྡན་མ་ཞེས་འབོད་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ཁྱོད་ལ་ཐུགས་བསོད་ཅིང་། ཁྱོད་ཀྱི་ཡུལ་ནི་ཁྱོ་དང་ལྡན་པར་འགྱུར།  ཇི་ལྟར་དར་ལ་བབ་པས་ལང་ཚོ་མ་བག་མར་བླང་། དེ་ལྟར་ཁྱོད་ཀྱི་བུ་རྣམས་ཀྱིས་ཁྱོད་བག་མར་བླང་བར་འགྱུར། ཡང་ཇི་ལྟར་བག་ཕོས་བག་མ་ལ་དགའ། དེ་ལྟར་ཁྱོད་ཀྱི་དཀོན་མཆོག་ཁྱོད་ལ་ཐུགས་མཉེས་པར་འགྱུར་རོ༎
 ཀྱེ་ཡེ་རུ་ཤ་ལེམ། ངས་ཁྱོད་ཀྱི་ལྕགས་རིའི་ཁར་སོ་པ་བཞག་ཡོད། དེ་དག་གིས་ཉིན་མཚན་གཉིས་པོར་ནམ་དུའང་ཁ་རོག་པར་མི་འགྱུར། ཡ་ཧོ་ཝཱའི་གཏམ་བྱེད་པ་ཁྱོད་རྣམས་ཀྱང་ཁ་མ་རོག་ཅིག  ཁོང་གིས་ཡེ་རུ་ཤ་ལེམ་བཙུག་ནས་ས་གཞིའི་ནང་དུ་སྟོད་སྒྲ་འཁྱིལ་ལེ་བར་མ་མཛད་པའི་བར་དུ་ཁོང་བཞུགས་སུ་མ་ཆུག་ཅིག  ཡ་ཧོ་ཝཱ་ཉིད་ཀྱི་ཕྱག་གཡས་པ་དང་ཕྱག་ངར་དཔང་དུ་བཙུག་ནས། ད་ནས་ཕྱིན་ཆད་དུ་ཁྱོད་ཀྱི་དགྲའི་ཁ་ཟས་སུ་ངས་ཁྱོད་ཀྱི་འབྲུ་མི་གཏོང་བ་ངེས་པས། ཁྱོད་ཀྱིས་འབད་པའི་རྒུན་ཆང་ཡང་མི་ཡན་གྱི་བུ་རྣམས་ཀྱིས་འཐུང་བར་མི་འགྱུར་རོ།  འོན་ཀྱང་བང་ཁང་དུ་བརྒྱངས་མཁན་རྣམས་ཀྱིས་དེ་ལ་སྤྱོད་ཅིང་། ཡ་ཧོ་ཝཱ་ལ་སྟོད་བསྔགས་པར་བྱ། བསགས་མཁན་རྣམས་ཀྱིས་ངའི་དམ་པའི་ཁྱམས་རྣམས་སུ་དེ་འཐུང་བར་འགྱུར་རོ་གསུང་།
༡༠ སོང་ཞིག རྒྱ་སྒོ་ནས་སོང་ཞིག མི་སྡེ་ལ་ལམ་ཤོམས་ཤིག ཡར་ཐེགས་ཤིག གཞུང་ལམ་ཡར་ཐེགས་ཤིག རྡོ་རྣམས་སྒྲུགས་ཤིག མི་བརྒྱུད་རྣམས་ཀྱི་ཕྱིར་དར་ཆེན་ཞིག་སྒྲེང་བར་བྱོས་ཤིག ༡༡ ཀྱེ་ཧོ། ཡ་ཧོ་ཝཱས་ས་མཐའི་བར་དུ་བཀར་བཏགས་པ་ནི། ཙི་ཨོན་གྱི་བུ་མོ་ལ། ལྟོས། ཁྱོད་ཀྱི་ཐར་པ་ནི་འབྱོན་གྱིན་གདའ། ལྟོས་དང་། ཁོང་གི་རྔན་པ་ནི་ཁོང་དང་ལྷན་ཅིག་ཏུ་ཡོད། ཁོང་གི་མཛད་རྒྱ་ནི་ཁོང་གི་དྲུང་དུ་གདའ་ཞེས་ཤོད་ཅིག ༡༢ དེ་ནས་འདི་དག་ལ་ཆབ་འབངས་དམ་པ་དང་། ཡ་ཧོ་ཝཱས་བསྒྲལ་བ་ཟེར་ཞིང་། ཁྱོད་ཀྱི་མིང་དུ་ནི། བཙལ་ནས་ཐོབ་པ་དང་། མ་བསྐྱུར་པའི་གྲོང་ཁྱེར་ཞེས་ཟེར་བར་འགྱུར་རོ༎