༦༡
ཡ་ཧོ་ཝཱ་གཙོ་བོའི་ཐུགས་ཉིད་ངའི་སྟེང་དུ་མཆིས། དེ་ཅིའི་ཕྱིར་ཞེ་ན། སྙེམས་ཆུང་ལ་འཕྲིན་བཟང་སྒྲོག་པའི་དོན་དུ་ཡ་ཧོ་ཝཱས་བདག་བྱུགས་སོ། ངས་སྙིང་ཆག་པོ་དང་། བཙོན་པ་ཐར་བ་དང་། བཀྱིགས་པ་རྣམས་བཙོན་ར་ནས་འབུད་པའི་བཀར་འདོགས་པ་དང་།  ཡ་ཧོ་ཝཱའི་ཡིད་དུ་འོང་བའི་ལོ་དང་། ངེད་ཀྱི་དཀོན་མཆོག་གིས་དགྲ་ལན་ལེན་པའི་ཉིན་མོ་དེ་སྒྲོག་པ་དང་། མྱ་ངན་བྱེད་པ་ཀུན་གྱི་སེམས་གསོ་བ་དང་།  ཙི་ཨོན་གྱི་སྡུག་ཁུར་བྱེད་པ་རྣམས་ཀྱི་གྲལ་བྱེད་པ་དང་། ཁོང་གི་དཔལ་སྟོན་པའི་ཕྱིར་དུ། དེ་དག་ལ་དྲང་བ་ཉིད་ཀྱི་སྡོང་པོ་དང་། ཡ་ཧོ་ཝཱའི་ཕྱག་བཙུག་གི་ལྗོན་ཤིང་བརྗོད་པར་བྱ་བའི་དོན་དུ། དེ་དག་གི་གོག་ཐལ་གྱི་ཚབ་ལ་རྒྱན་ཆ་དང་། མྱ་ངན་གྱི་ཚབ་ཏུ་ཡི་རང་གི་འབྲུ་མར་དང་། སེམས་ཕམ་གྱི་ཚབ་ཏུ་སྟོད་སྒྲའི་གོས་སྦྱིན་པའི་ཕྱིར་ཁོང་གིས་བདག་མངགས་པ་ལགས་སོ༎
 དེ་ནས་དེ་དག་གིས་ཁང་གོག་རྙིང་པ་རྣམས་བརྩིགས་ཏེ། སྔར་སྟོངས་པ་དག་བཞེངས་ཏེ། མི་རབས་མང་པོར་སྟོངས་པའི་གྲོང་ཁྱེར་རྣམས་ཀྱི་མཁར་ལས་བྱེད་པར་འགྱུར།  ཡང་རྒྱལ་ཁམས་པ་རྣམས་ལངས་བསྡད་དེ། ཁྱོད་ཀྱི་ལུག་ཁྱུ་འཚོ་ཞིང་། རྒྱལ་ཁམས་པའི་བུ་དག་ཁྱོད་ཀྱི་ཐོང་པ་དང་། རྒུན་ཚལ་མཁན་དུ་འགྱུར་བར་འགྱུར།  འོན་ཀྱང་ཁྱོད་ཅག་ལ་ཡ་ཧོ་ཝཱའི་དགེ་འདུན་ཞེས་མིང་བཏགས་ཏེ། མི་རྣམས་ཀྱིས་ཁྱོད་ལ་ངེད་ཅག་གི་དཀོན་མཆོག་གི་ཞབས་ཏོག་པ་ཞེས་འབོད་པར་འགྱུར། ཁྱོད་ཅག་གིས་མི་སྡེ་རྣམས་ཀྱི་ནོར་ལ་སྤྱོད་ཅིང་། དེ་དག་གི་དཔལ་ནང་ཁྱོད་ཀྱིས་ངོམ་སྟོན་པར་འགྱུར།  ཁྱོད་ཅག་གི་ངོ་ཚའི་དོད་དུ་ཉི་ལྡབ་ཐོབ་སྟེ། སྐྱེངས་པའི་དོད་དུ་རང་གི་ཟ་ཐང་གི་ནང་ན་ཡིད་མགུ་བར་འགྱུར། དེ་ལྟར་དེ་དག་གིས་རང་ཡུལ་ན་ཉི་ལྡབ་དབང་ཞིང་། མཐའ་ཀླས་པའི་བདེ་བ་དང་ལྡན་པར་འགྱུར་རོ།  དེ་ཅིའི་ཕྱིར་ཞེ་ན། ང་ཡ་ཧོ་ཝཱས་ཁྲིམས་དྲང་པོ་ལ་སྡུག་པར་འཛིན་པས། འཕྲོག་བཅོམ་གྱི་སྦྱིན་སྲེག་ལ་འཁོན་དུ་འཛིན་ནོ། དེ་བས་ན་ངས་དྲང་པོར་དེ་དག་གི་ལས་ཀྱི་རྔན་པ་བཏང་ནས། དེ་དག་དང་བཅས་གཏན་གྱི་ཞལ་ཆད་ཅིག་བྱའོ།  དེ་ནས་མི་རིགས་རྣམས་ཀྱི་ཁྲོད་ན་དེ་དག་གི་བུ་དང་། མི་སྡེ་རྣམས་ཀྱི་དཀྱིལ་དུ་དེ་དག་གི་བུ་བརྒྱུད་ཀྱི་ངོ་བཤེས་ཏེ། མཐོང་ཚད་ཀྱིས་འདི་ནི་ཡ་ཧོ་ཝཱས་བྱིན་གྱིས་བརླབས་པའི་གདུང་བརྒྱུད་དོ་ཞེས་བརྗོད་པར་འགྱུར།
༡༠ བདག་ཡ་ཧོ་ཝཱའི་ནང་ན་རབ་ཏུ་དགའ་མགུ་ཞིང་། ངའི་སེམས་ཉིད་ནི་ངའི་དཀོན་མཆོག་གི་ནང་ན་དགའ་གྲགས་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་བག་པོས་རྒྱན་ཆ་རྒྱན་ཞིང་། བག་མས་རྒྱན་ཆ་རྒྱན་པ། དེ་ལྟར་ཁོང་གིས་བདག་ལ་ཐར་པའི་གོས་རྣམས་བསྐོན་ཞིང་། དྲང་བ་ཉིད་ཀྱི་ཕྱུ་པ་གཡོགས་པར་མཛད་དོ། ༡༡ གང་ལ་ཞེ་ན། ཇི་ལྟར་སས་རང་གི་མེ་ཏོག་སྐྲུན་ཞིང་། སྐྱེད་ཚལ་གྱིས་དེའི་ནང་དུ་བཏབ་པ་རྣམས་སྐྱེད་དེ། དེ་ལྟར་ཡ་ཧོ་ཝཱ་གཙོ་བོས་མི་བརྒྱུད་ཐམས་ཅད་ཀྱི་མདུན་དུ་དྲང་བ་ཉིད་དང་གཟེངས་སྟོད་པ་ཡང་སྐྱེད་པར་མཛད་པར་འགྱུར་རོ༎