༦༠
ཁྱོད་ཀྱི་འོད་བྱོན་ཞིང་། ཡ་ཧོ་ཝཱའི་གཟི་བརྗིད་ཁྱོད་ཀྱི་ཁར་ཤར་བས། ད་ལོངས་ལ་འཕྲོ་བར་བྱོས་ཤིག  དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཧོ། མུན་པས་ས་གཞི་དང་སྨག་རུམ་གྱིས་མི་རིགས་རྣམས་ཁྱབ་པར་འགྱུར་གྱིས། ཁྱོད་ཀྱི་ཁར་ཡ་ཧོ་ཝཱ་ཤར་ཏེ། ཁྱོད་ཀྱི་སྟེང་ན་ཁོང་གི་དཔལ་བརྗིད་སྣང་བར་འགྱུར།  ཡང་ཕྱི་པ་རྣམས་ཁྱོད་ཀྱི་འོད་དང་། རྒྱལ་པོ་རྣམས་ཁྱོད་ལས་ཕྲོས་པའི་འོད་མདངས་ཀྱི་དྲུང་དུ་འོང་བར་འགྱུར།  རང་གི་མིག་ཡར་ཐེགས་ལ། ཕྱོགས་ཀུན་ཏུ་ལྟོས་ཤིག དེ་དག་ཐམས་ཅད་ལྷན་ཅིག་ཏུ་འཚོགས་ཤིང་ཁྱོད་རྩར་འོང་གིན་གདའ། ཁྱོད་ཀྱི་བུ་དག་རྒྱང་རིང་ནས་བསླེབས་ཅིང་། ཁྱོད་ཀྱི་བུ་མོ་རྣམས་པང་དུ་ཐོགས་ནས་སྐྱེལ་བར་འགྱུར་རོ།  དེ་ནས་ཁྱོད་ཀྱིས་མཐོང་ཞིང་འོད་ཕྲོས་ཏེ། ཁྱོད་ཀྱི་སྙིང་འཕར་ཞིང་ཆེ་བར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། རྒྱ་མཚོའི་གཏེར་མཛོད་རྣམས་ཁྱོད་ཀྱི་ཕྱོགས་སུ་འཁོར་ཏེ། ཕྱི་པ་རྣམས་ཀྱི་ནོར་དབྱིགས་ཁྱོད་ཀྱི་ལག་ཏུ་སླེབ་པར་འགྱུར།  རྔ་མོང་གི་ཁྱུ་ཆེན་པོ་དང་མིད་ཨན་དང་། ཨེ་ཕཱའི་ཞོན་བྱའི་རྔ་མོང་རྣམས་ཀྱིས་ཁྱོད་ཁེངས་པར་འགྱུར། ཤེ་བཱ་པ་ཀུན་ཡང་འོངས་ནས་གསེར་དང་བདུག་སྤོས་འཁྱེར་འོང་སྟེ། ཡ་ཧོ་ཝཱ་ལ་བསྟོད་ཅིང་བསྔགས་པའི་ཕྲིན་སྒྲོག་པར་འགྱུར་རོ།  ཀེ་དར་གྱི་ལུག་ཁྱུ་ཐམས་ཅད་ཁྱོད་ཀྱི་རྩར་འདུས་ཏེ། ནེ་བཱ་ཡོད་ཀྱི་ལུག་ཐུག་དག་ཁྱོད་ཀྱི་དྲུང་དུ་སླེབ་པར་འགྱུར། ངའི་ཐུགས་སུ་འབྱོན་པའི་སླད་དུ་ངའི་མཆོད་ཁྲིར་འོང་སྟེ། ངས་ཉིད་ཀྱི་དཔལ་དང་ལྡན་པའི་ཕོ་བྲང་དེ་ལྷང་ངེ་བར་བྱའོ༎
 སྤྲིན་ནམ། ཕུག་རོན་རང་གི་ཚང་ཕྱོགས་སུ་འཕུར་བ་ལྟར་འོང་བ་འདི་དག་སུ་ལགས།  གླིང་ཕྲན་རྣམས་ང་ལ་རེ་བར་ངེས་ཏེ། ཁོང་གིས་ཁྱོད་དཔལ་དང་ལྡན་པར་མཛད་པས། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་དང་། ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱི་མཚན་གྱི་དོན་དུ། དེ་དག་གི་གསེར་དངུལ་མཉམ་དུ་ཁྱོད་ཀྱི་བུ་རྣམས་ས་ཐག་རིང་པོ་ནས་སྐྱེལ་དུ། ཐོག་མར་ཐར་ཤིས་པའི་གཟིངས་རྣམས་སླེབ་འོང་བར་འགྱུར། ༡༠ ཡང་ཡུལ་གཞན་གྱི་བུ་རྣམས་ཀྱིས་ཁྱོད་ཀྱི་ལྕགས་རི་རྣམས་བརྩིགས་ཏེ། དེ་དག་གི་རྒྱལ་པོ་རྣམས་ཀྱིས་ཁྱོད་ཀྱི་ཞབས་འདེགས་བྱེད་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཐུགས་ཁྲོའི་ནང་ན་ངས་ཁྱོད་ལ་བརྡེགས་ཀྱིས། ཐུགས་བརྩེ་བའི་ནང་ན་ཁྱོད་ལ་སྙིང་རྗེ་བྱས་པ་ཡིན་ནོ། ༡༡ ཡང་ཕྱི་པ་རྣམས་ཀྱིས་ཁྱོད་ལ་ནོར་སྐྱེལ་བ་དང་། དེའི་རྒྱལ་པོ་རྣམས་འཁྲིད་འོང་བའི་ཕྱིར་དུ། ཁྱོད་ཀྱི་རྒྱ་སྒོ་རྣམས་རྒྱུན་དུ་གདངས་ཏེ། ཉིན་མཚན་གཉིས་པོར་གཅོད་པར་ཡང་མི་འགྱུར་རོ། ༡༢ དེ་ཅིའི་ཕྱིར་ཞེ་ན། ཁྱོད་ལ་གཡོག་མི་བྱེད་པའི་མི་བརྒྱུད་དང་རྒྱལ་སྲིད་དེ་མེད་པར་འགྱུར། འོ་ན། མི་བརྒྱུད་དེ་དག་ཡོངས་སུ་འཇིག་པར་འགྱུར་རོ། ༡༣ ངའི་ཕོ་བྲང་དམ་པ་རྒྱན་པའི་ཕྱིར་སོམ་ཤིང་དང་། འགྱམ་ཤིང་དང་། ཤུག་ཤིང་དང་ལྷན་ཅིག་ཏུ་ལི་བ་ནོན་གྱི་ཟིལ་དེ་ཁྱོད་གང་ན་བར་འོང་བར་འགྱུར་ཞིང་། ངའི་ཞབས་སྟེགས་དེ་ངས་བྱིན་ཆེ་བར་བྱའོ། ༡༤ ཡང་ཁྱོད་ལ་སྡུག་པོ་བཏང་མཁན་གྱི་བུ་རྣམས་མགོ་དགུར་བཞིན་དུ་ཁྱོད་ཀྱི་དྲུང་དུ་འོང་བར་འགྱུར། ཁྱོད་ལ་བརྙས་པ་ཀུན་ཀྱང་ཁྱོད་ཀྱི་རྐང་པའི་རྐང་མཐིལ་ལ་འདུད་ཅིང་། ཁྱོད་ཀྱི་མིང་དུ་ཡ་ཧོ་ཝཱའི་གྲོང་ཁྱེར་དང་། ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱི་ཙི་ཨོན། ཞེས་གདགས་སོ༎
༡༥ ཁྱོད་བསྐྱུར་ཏེ་ཞེན་ལོག་ནས། ཁྱོད་ཀྱི་ནང་ནས་མི་གང་ཡང་མ་འགྲོ་བའི་ཚབ་ཏུ། ངས་ཁྱོད་དུས་གཏན་གྱི་ཆེ་བ་དང་། མི་རབས་མང་པོར་ཡི་རང་བར་བྱའོ། ༡༦ ཁྱོད་ཀྱིས་ཕྱི་པ་རྣམས་ཀྱི་འོ་མ་ཡང་འཇིབ་ཅིང་། རྒྱལ་པོ་རྣམས་ཀྱི་བྲང་ཡང་འཇིབ་པར་འགྱུར། དེ་ནས་ཁྱོད་ཀྱིས་ང་ཡ་ཧོ་ཝཱ་ཁྱོད་ཀྱི་སྐྱབས་མགོན་དང་། ཡ་ཀོབ་ཀྱི་མཐུ་ལྡན་དེ་ཁྱོད་ཀྱི་སྒྲོལ་མཛད་ལགས་པ་རྟོགས་པར་འགྱུར་རོ། ༡༧ ངས་ར་གན་གྱི་ཚབ་ཏུ་གསེར་འདྲེན་ཞིང་། ལྕགས་ཀྱི་ཚབ་ཏུ་དངུལ་དང་། ཤིང་གི་ཚབ་ཏུ་ར་གན་དང་། རྡོའི་ཚབ་ཏུ་ལྕགས་འཁྱེར་འོང་བར་བྱའོ། ཡང་ཁྱོད་ཀྱི་ཇོ་བོར་ཞི་བདེ་དང་། དྲང་བ་ཉིད་ནི་ཁྱོད་ཀྱི་ལྡིང་དཔོན་རྣམས་བྱའོ། ༡༨ སླར་ཁྱོད་ཀྱི་ཡུལ་ན་བརྡབ་སིགས་ཀྱི་སྐད་དང་། ཁྱོད་ཀྱི་ས་མཚམས་ཀྱི་ནང་ཆུད་ན་བརླག་པ་དང་འཇིག་པའི་སྒྲ་ཐོས་པར་མི་འགྱུར་གྱིས། རང་གི་ལྕགས་རི་རྣམས་ལ་ཐར་པ་དང་། རྒྱ་སྒོ་དག་ལ་སྟོད་སྒྲ་འཁྱིལ་ལེ་བ་ཞེས་འདོགས་པར་འགྱུར་རོ། ༡༩ སླར་ཁྱོད་ཀྱི་འོད་ནི་ཉིན་མོར་ཉི་མ་དང་། མཚན་མོར་ཟླ་བའི་ཟླ་འོད་ལས་འབྱུང་བར་མི་འགྱུར་གྱིས། ཡ་ཧོ་ཝཱ་ནི་ཁྱོད་ཀྱི་རྟག་པའི་འོད་དང་། ཁྱོད་ཀྱི་དཀོན་མཆོག་ནི་ཁྱོད་ཀྱི་དཔལ་བརྗིད་ལགས་པར་འགྱུར་རོ། ༢༠ སླར་ཁྱོད་ཀྱི་ཉི་མ་ནི་ནམ་དུ་ཡང་མི་ཡོལ། ཁྱོད་ཀྱི་ཟླ་བ་ཡང་ནུབ་པར་མི་འགྱུར་རོ། གང་ལ་ཞེ་ན། ཡ་ཧོ་ཝཱ་ཁོང་ཁྱོད་ཀྱི་རྟག་པའི་འོད་དུ་འགྱུར་བས། ཁྱོད་ཀྱི་མྱ་ངན་གྱི་ཞག་རྣམས་ཟད་པར་འགྱུར་རོ། ༢༡ ང་ལྷན་ནེར་བྱེད་དུ་ཁྱོད་ཀྱི་མི་ཡོད་དོ་ཅོག་ཀྱང་ཆོས་དྲང་པོར་གྱུར་ཏེ། དེ་རྣམས་དུས་རྒྱུན་དུ་སའི་ནོར་བདག་བུ་དང་། ངས་བཙུགས་པའི་ལག་ཚུགས་དང་། ངའི་ཕྱག་བཟོར་འགྱུར་བར་འགྱུར། ༢༢ ཆུང་བ་ཞིག་ནི་ཆིག་སྟོང་དང་། ཆུང་ཤོས་ཤིག་ནི་མི་བརྒྱུད་སྟོབས་ལྡན་ཞིག་ཏུ་འགྱུར་བར་འགྱུར། དེ་ཐམས་ཅད་ང་ཡ་ཧོ་ཝཱས་དུས་ཀྱི་བསྒང་དུ་མྱུར་དུ་སྒྲུབ་པར་བྱའོ༎