༥༢
ཚེ་དེག་ཡཱ་རྒྱལ་པོ་བྱེད་དུས་སུ་ལོ་ཉེར་གཅིག་ལོན་ཡོད་དེ། ཡེ་རུ་ཤ་ལེམ་དུ་ལོ་བཅུ་གཅིག་སྲིད་བྱས། ལིབ་ནཱ་པ་ཡེ་རེམ་ཡཱའི་བུ་མོ་ཧ་མུ་ཏལ་བྱ་བ་ནི་ཁོང་གི་ཡུམ་གྱི་མིང་ངོ་།  འདིས་ཀྱང་ཡོ་ཡཱ་ཀིམ་གྱིས་བྱས་པ་ཐམས་ཅད་དང་འདྲ་བར་ཡ་ཧོ་ཝཱའི་སྤྱན་ལམ་དུ་མི་རིགས་པ་ཡིན་པ་ལ་སྤྱད་པས།  ཡ་ཧོ་ཝཱའི་ཐུགས་ཁྲོའི་ནང་ན་ཡེ་རུ་ཤ་ལེམ་དང་། ཡ་ཧུ་དཱ་གཉིས་པོ་ཁོང་གི་སྤྱན་སྔ་ནས་འདོར་བ་ལ་བབས་ཏེ། ཚེ་དེག་ཡཱས་བཱ་བེལ་རྒྱལ་པོར་ངོ་ལོག་བྱས་སོ༎
 དེས་སྲིད་བྱེད་པའི་ལོ་ངོ་དགུ་པའི་ཟླ་བ་བཅུ་པའི་ཚེས་བཅུ་ལ། བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་རང་གི་དམག་ཚོགས་ཚང་མ་དང་བཅས་སུ་ཡེ་རུ་ཤ་ལེམ་ལ་རྒོལ་དུ་འོངས་ཏེ། དེའི་མདུན་དུ་དམག་བྲང་ཕབ་ནས། འཁོར་ཡུག་ཏུ་སྤིའུ་རྣམས་བརྩིགས་པ་དང་།  རྒྱལ་པོ་ཚེ་དེག་ཡཱའི་ལོ་བཅུ་གཅིག་པའི་བར་དུ་རྒྱལ་ས་ལ་དམག་བསྐོར་ནས་ལུས་པ་ལས།
 ཟླ་བ་བཞི་པའི་ཡར་ཚེས་དགུ་པར་རྒྱལ་སའི་ནང་དུ་མུ་གེ་དྲག་ཏུ་སོང་ནས། ཡུལ་མི་ལ་ཁ་ཟས་ཅིའང་མ་བརྙེས་པ་དང་།  རྒྱལ་ས་ཆག་སྟེ། དམག་གི་སྐྱེ་བོ་ཚང་མ་བྲོས་ནས། མཚན་མོར་ལྕགས་རི་གཉིས་ཀྱི་བར་ན། རྒྱལ་པོའི་སྐྱེད་ཚལ་དང་ཉེ་བར་ཡོད་པའི་རྒྱ་སྒོའི་ལམ་ནས་རྒྱལ་སའི་ནང་ནས་ཐོན་ཏོ། ཀལ་དཱི་པ་རྣམས་རྒྱལ་ས་བསྐོར་ནས་ཡོད་ཀྱང་། དེ་དག་ཐང་ལམ་ནས་སོང་ངོ་།  འོན་ཀྱང་ཀལ་དཱི་པའི་དཔུང་ཚོགས་ཀྱིས་རྒྱལ་པོ་ལ་བདས་ནས། ཡེ་རི་ཀོའི་ཐང་རྣམས་སུ་ཚེ་དེག་ཡཱ་ལ་ནོན་པ་དང་། དེའི་དམག་མི་ཚང་མ་ཁ་འཐོར་སོང་བ་ལས།  དེ་དག་གིས་རྒྱལ་པོ་བཟུང་ནས། ཧ་མད་ཡུལ་གྱི་རིབ་ལཱ་བྱ་བར་བཱ་བེལ་རྒྱལ་པོ་གང་ན་བར་དྲངས་པ་དང་། དེས་དེ་ལ་ཁྲིམས་བཅད་དེ། ༡༠ བཱ་བེལ་རྒྱལ་པོས་ཚེ་དེག་ཡཱའི་སྲས་རྣམས་དེའི་མིག་གི་མདུན་དུ་བསད། ཡ་ཧུ་དཱའི་དྲག་རིགས་ཀུན་ཡང་རིབ་ལཱ་རུ་བསད་དེ། ༡༡ ཚེ་དེག་ཡཱའི་མིག་གཉིས་བཏོན་ཏེ། བཱ་བེལ་རྒྱལ་པོས་དེ་ལ་ལྕགས་སྒྲོག་བརྒྱབས་ནས། བཱ་བེལ་དུ་ཁྲིད་དེ། ཚེའི་དུས་མ་བྱེད་པའི་བར་དུ་བཙོན་དུ་བཅུག་གོ།
༡༢ ཡང་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ལོ་བཅུ་དགུ་པའི་ཟླ་བ་ལྔ་པའི་ཚེས་བཅུ་ལ། བཱ་བེལ་རྒྱལ་པོའི་སྐུ་བསྲུང་པའི་འགོ་དཔོན་ནེ་བུ་ཟར་ཨ་དཱན་བྱ་བའི་ཞབས་གྲས་ཡེ་རུ་ཤ་ལེམ་དུ་འོངས་ཏེ། ༡༣ ཡ་ཧོ་ཝཱའི་ཕོ་བྲང་དང་། རྒྱལ་པོའི་ཕོ་བྲང་བསྲེགས་ཏེ། ཡེ་རུ་ཤ་ལེམ་གྱི་ཁང་པ་ཚང་མ་དང་། མི་ཆེན་རྣམས་ཀྱི་གཟིམས་ཁང་རྣམས་ཀྱང་མེས་བསྲེགས་སོ། ༡༤ ཡང་སྐུ་སྲུང་པའི་འགོ་དཔོན་མཉམ་ཡོད་པའི་ཀལ་དཱི་པའི་དཔུང་ཐམས་ཅད་ཀྱིས་ཡེ་རུ་ཤ་ལེམ་གྱི་ཀྱིར་འཁོར་དུ་ཡོད་པའི་ལྕགས་རི་ཚང་མ་བཤིག་ནས་བཏང་། ༡༥ དེ་ནས་སྐུ་སྲུང་པའི་འགོ་དཔོན་ནེ་བུ་ཟར་ཨ་དཱན་གྱིས་དབུལ་པོ་ཁ་ཤས་དང་། རྒྱལ་སར་ལུས་ཡོད་པའི་མི་ཕྱི་ལུས་དང་། བཱ་བེལ་རྒྱལ་པོའི་སྐྱབས་སུ་ཕྱིན་མཁན་དང་། མི་བྱིངས་ཀྱི་ལྷག་མ་དང་བཅས་སུ་བཙོན་དུ་བཟུང་ནས་ཁྱེར་ཡང་། ༡༦ སྐུ་བསྲུང་པའི་འགོ་དཔོན་ནེ་བུ་ཟར་ཨ་དཱན་གྱིས་ཡུལ་པ་དབུལ་པོ་ཁ་ཅིག་རྒུན་ཚལ་འབད་པ་དང་། སོ་ནམ་པ་བྱེད་དུ་དེར་བོར་ཏོ༎
༡༧ ཡང་ཡ་ཧོ་ཝཱའི་ཕོ་བྲང་ན་ཡོད་པའི་ར་གན་གྱི་ཀ་བ་རྣམས་དང་། ཡ་ཧོ་ཝཱའི་ཕོ་བྲང་དུ་ཡོད་པའི་རྒྱལ་ཁྲི་རྣམས་དང་། ར་གན་གྱི་རྒྱ་མཚོ་བཅས་ཀལ་དཱི་པ་རྣམས་ཀྱིས་བཅག་སྟེ། ར་གན་དེ་ཐམས་ཅད་བཱ་བེལ་དུ་བསྐྱལ་ཏོ། ༡༨ ཡང་ཟངས་བུ་དང་། མེ་ཁྱེམ་དང་། མེ་ལེན་དང་། གཞོང་པ་དང་། ཐུམ་བུ་དང་། དེར་རིམ་གྲོ་བྱེད་བྱའི་ར་གན་གྱི་སྣོད་སྤྱད་ཐམས་ཅད་ཁྱེར་ཏོ། ༡༩ དེས་མ་ཟད་གཞོང་པ་དང་། བསངས་ཕོར་དང་། ཀ་ཏོ་ར་དང་། ཟངས་བུ་དང་། སྟེགས་བུ་དང་། བླུག་སྐྱོགས་དང་། ཕོར་པ་རྣམས། གང་གསེར་ལས་ཡིན་པའི་གསེར་དང་། དངུལ་ལས་ཡིན་པའི་དངུལ་དེ་སྐུ་བསྲུང་པའི་མགོ་དཔོན་གྱིས་ཁྱེར་ཏོ། ༢༠ རྒྱལ་པོ་ཤ་ལོ་མོས་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དུ་བཅོས་ཡོད་པའི་ཀ་བ་གཉིས་པོ་དང་། རྒྱ་མཚོ་གཅིག་དང་། དེའི་ལྐོག་ན་ཡོད་པའི་ར་གན་གྱི་གླང་བཅུ་གཉིས་དང་བཅས་པའི་ཡོ་བྱད་ཐམས་ཅད་ཀྱི་ར་གན་ནི་གཞལ་དུ་མེད་པ་ལགས་ཏེ། ༢༡ ཀ་བ་གཉིས་ལས་ཀ་བ་རེ་རེའི་མཐོ་ཁྱད་དུ་ཁྲུ་བཅོ་བརྒྱད་དང་། དེའི་མཐའ་འཁོར་དུ་ཁྲུ་བཅུ་གཉིས་ཀྱི་ཐིག་སྐུད་ཐེབས་པ་ཡིན། སོར་བཞི་འཐུག་པོ་ཡོད་དེ། ཁོག་པ་ནི་སྟོངས་པ་ཡོད་པ་ཡིན། ༢༢ དེའི་སྟེང་དུ་ར་གན་གྱི་ཀ་གཞུ་ཡོད་དེ། ཀ་གཞུ་དེའི་དཔང་དུ་ཁྲུ་ལྔ་ཡོད་པ་ཡིན། ཀ་གཞུ་དེ་ཀྱིར་འཁོར་དུ་ཐམས་ཅད་རག་ལས་བྱས་པའི་དྲ་བ་དྲ་ཕྱེད་དང་སེ་འབྲུས་བརྒྱན་ཏེ། ཀ་བ་གཉིས་པ་དེའང་དེ་བཞིན་དུ་སེ་འབྲུས་བརྒྱན་ཡོད་པ་ཡིན། ༢༣ དེའི་ཀྱིར་འཁོར་དུ་དྲ་བ་དྲ་ཕྱེད་ཁར་སེ་འབྲུ་བརྒྱ་ཐམ་པ་ཡོད་པའི་ནང་ནས། དགུ་བཅུ་གོ་དྲུག་ནི་རླུང་བཞིའི་ཐད་དུ་ཡོད་པ་ཡིན།
༢༤ ཡང་སྐུ་སྲུང་པའི་འགོ་དཔོན་གྱིས་བླ་མ་ཆེན་པོ་སེ་ར་ཡཱ་དང་། བླ་མ་གཉིས་པ་ཟེ་ཕན་ཡཱ་དང་། སྒོ་བསྲུང་པ་གསུམ་པོ་བཅས་ཁྱེར་ཏོ། ༢༥ འདི་དག་མ་ཟད་རྒྱལ་ས་ལས་དམག་མིའི་འགན་འཁུར་བའི་ཉུག་རུམ་ཞིག་དང་། རྒྱལ་སར་བརྙེད་པའི་རྒྱལ་པོའི་ཞབས་གྲས་མི་བདུན་དང་། ཡུལ་མི་ལ་ལྟ་བའི་དམག་དཔོན་གྱི་དྲུང་ཡིག་དང་། རྒྱལ་སའི་ནང་བརྙེད་པའི་ཡུལ་གྱི་མི་སྡེ་ལས་སྐྱེས་པ་བཅུ་ཕྲག་དྲུག་དང་བཅས་པའང་ཁྲིད་དོ། ༢༦ དེ་ལྟར་སྐུ་བསྲུང་པའི་འགོ་དཔོན་ནེ་བུ་ཟར་ཨ་དཱན་གྱིས་དེ་དག་བཟུང་ནས་རིབ་ལཱ་རུ་བཱ་བེལ་རྒྱལ་པོའི་དྲུང་དུ་དྲངས་པ་དང་། ༢༧ བཱ་བེལ་རྒྱལ་པོས་ཧ་མད་ཡུལ་གྱི་རིབ་ལཱ་རུ་དེ་དག་ལ་རལ་གྲི་བརྒྱབ་ནས་བསད། དེ་ལྟར་ཡ་ཧུ་དཱ་རང་གི་ཡུལ་ཁམས་ལས་བཙོན་དུ་བཟུང་ནས་ཁྱེར་ཏོ༎
༢༨ ནེ་བུ་ཀད་ནེ་ཙར་གྱིས་བཙོན་དུ་བཟུང་ནས་ཁྱེར་པའི་མི་རྣམས་ནི་འདི་ལྟར་རོ། ལོ་བདུན་པར་ཡ་ཧུ་དཱ་པ་སུམ་སྟོང་ཉེར་གསུམ་དང་། ༢༩ ནེ་བུ་ཀད་ནེ་ཙར་གྱི་ལོ་བཅོ་བརྒྱད་པའི་ནང་ཡེ་རུ་ཤ་ལེམ་ལས་མི་བརྒྱུད་བརྒྱ་དང་སོ་གཉིས་བཙོན་དུ་ཁྱེར། ༣༠ ནེ་བུ་ཀད་ནེ་ཙར་གྱི་ལོ་ཉེར་གསུམ་པའི་ནང་སྐུ་སྲུང་པའི་འགོ་དཔོན་ནེ་བུ་ཟར་ཨ་དཱན་གྱིས་ཡ་ཧུ་དཱ་པའི་ནང་ནས་མི་བདུན་བརྒྱ་དང་ཞེ་ལྔ་བཙོན་དུ་བཟུང་ནས་ཁྱེར་བས། མི་སྡོམ་བཞི་སྟོང་དྲུག་བརྒྱའོ༎
༣༡ ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིན་བཙོན་དུ་བཟུང་ནས་ལོ་སུམ་ཅུ་སོ་བདུན་པའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་ལྔ་པར་བྱུང་བར་གྱུར་པའི་བྱ་བ་ནི། བཱ་བེལ་རྒྱལ་པོ་ཨེ་ཝིལ་མེ་རོ་དག་བྱ་བ་རྒྱལ་སར་བསྐོས་པའི་ལོ་དང་པོའི་ནང་། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིན་གྱི་དབུ་འཕང་མཐོ་བར་བྱས་ཏེ། བཙོན་ལས་བཏོན་ཏེ། ༣༢ བརྩེ་བའི་གཏམ་བྱས་ནས། འདི་མཉམ་བཱ་བེལ་དུ་བཙོན་དུ་བཟུང་ནས་ཡོད་པའི་རྒྱལ་པོ་རྣམས་ཀྱི་ཁྲི་ལས་འདིའི་ཁྲི་གོང་དུ་བརྒྱབས་ཏེ། ༣༣ བཙོན་གྱི་གོས་རྣམས་བརྗེས་ནས། མི་ཚེ་ཐོག་ཐག་ཏུ་ཞག་རེ་བཞིན་དེའི་དྲུང་དུ་ཁ་ཟས་ཀྱང་ཟོས། ༣༤ འདི་ལ་ཕོགས་ནི་ཚེ་ལས་མ་འདའ་བའི་བར་དུ་ཚེ་གང་། བཱ་བེལ་རྒྱལ་པོས་ཉིན་རེའི་ཟ་སྐལ་གྱི་རྒྱུན་ཕོགས་བྱིན་པ་ཡིན་ནོ༎ ༎