༥༡
ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་སྡོད། ངས་བཱ་བེལ་དང་དགྲ་སྙིང་ནང་གནས་པ་རྣམས་ཀྱི་དགྲར་འཇོམས་བྱེད་ཀྱི་རླུང་ཞིག་སློང་བར་བྱ་སྟེ། ༢ ཁོ་བོས་བཱ་བེལ་བཀྲབ་མཁན་རྣམས་བཏང་སྟེ། དེ་ཚོས་མོ་བཀྲབ་སྟེ། དེའི་ཡུལ་ཁམས་སྟོང་པ་བྱེད་པར་འགྱུར། གང་ལ་ཞེ་ན། སྡུག་བསྔལ་བའི་ཉིན་མོར་དེ་དག་གིས་ཕྱོགས་བཞི་ནས་མོ་དགར་བར་འགྱུར། ༣ གཞུ་སྐྱིལ་མཁན་དང་རང་གི་ཁྲབ་གྱོན་ནས་འགྲེང་བའི་ཐོག་ཏུ་མདའ་པས་གཞུ་སྐྱིལ་ཞིག་དང་། མོའི་དར་མ་རྣམས་ལ་སྙིང་མ་རྗེ་བར། མོའི་དམག་ཚོགས་རྩ་བ་ནས་མེད་པར་བྱོས་ཤིག ༤ དེ་ལྟར་ཀལ་དཱི་པའི་ཡུལ་ནང་ཤི་མཁན་དང་། ལམ་སྲང་རྣམས་ནང་བསྣུན་པར་གྱུར་པ་རྣམས་འགྱེལ་བར་འགྱུར།༥ དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་གྱི་དམ་པ་ཉིད་ལ་བྱས་པའི་སྡིག་པས་ཡུལ་ཁམས་གང་ནས་ཡོད་རུང་། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གིས་ཨིས་ར་ཨེལ་དང་ཡ་ཧུ་དཱ་ནི་སྤངས་པ་མ་ཡིན་ནོ། ༦ འདི་ནི་ཡ་ཧོ་ཝཱས་དགྲ་ལན་བཞེས་པའི་དུས་ཚོད་ཡིན་ཏེ། ཁོང་གིས་མོ་ལ་དགྲ་ལན་གཞལ་བས། བཱ་བེལ་གྱི་དཀྱིལ་ནས་བྲོས་ཤིག རེ་རང་གི་སྲོག་སྐྱོབས་ཤིག མོའི་མི་དགེ་བའི་ནང་དུ་འཆི་བར་མ་གྱུར་ཅིག
༧ བཱ་བེལ་ནི་ཡ་ཧོ་ཝཱའི་ཕྱག་ལ་གསེར་ཕོར་ཅིག་ཡོད་པ་ཡིན་ཏེ། དེས་ས་གཞི་ཚང་མ་བཟི་བར་བྱས། མི་བརྒྱུད་རྣམས་ཀྱིས་མོའི་རྒུན་ཆང་བཏུང་བས། མི་རིགས་རྣམས་སྨྱོའོ། ༨ བཱ་བེལ་གློ་བུར་དུ་ལྷུང་ནས་བཤིག མོའི་ཕྱིར་ཆོ་ངེས་བྱོས་ཤིག མོའི་ཟུག་གཟེར་གྱི་ཕྱིར་བལ་སམ་དྲོངས་ཤིག ཅི་ཤེས། མོ་གསོ་བར་འགྱུར་ལས་ཆེ། ༩ ངེད་ཀྱིས་བཱ་བེལ་གསོ་སྙིང་འགྲོ་ནའང་ནད་མ་དྭངས། ད་མོ་དབྱུག་ཞོག ངེད་ཅག་རེ་རང་གི་ཕ་ཡུལ་དུ་ལོག་འགྲོ་བར་བྱའོ། དེ་ཅི་ལ་ཟེར་ན། མོའི་བཀའ་ཆད་ནམ་མཁའི་བར་དུ་བསླེབས་ནས། ནམ་མཁའ་རྣམས་ཀྱི་བར་དུའང་ཐེགས་པར་གྱུར་ཏོ། ༡༠ ཡ་ཧོ་ཝཱས་ངེད་ཅག་དྲང་པོ་ཡིན་པ་དེ་མངོན་པར་མཛད་པས། ཤོག་ཅིག ངེད་ཅག་གིས་ཙི་ཨོན་དུ་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་ཕྲིན་ལས་དེ་འཆད་པར་བྱའོ༎
༡༡ མདའ་རྣམས་རྣོ་བར་བྱོས། ཕུབ་རྣམས་དམ་དུ་ཟུང་ཞིག ཡ་ཧོ་ཝཱས་བཱ་བེལ་མེད་པར་བྱེད་དུ་འདུན་ཞིང་། མ་དཱ་ཨི་པའི་རྒྱལ་པོ་རྣམས་ཀྱི་སེམས་དཀྲུགས་པར་བྱས། ཅི་ལ་ཟེར་ན། འདི་ནི་ཡ་ཧོ་ཝཱའི་དུགས་ལན་དང་། ཁོང་གི་མཆོད་ཁང་གི་དགྲ་རྩོད་པ་ལགས་ཏེ། ༡༢ བཱ་བེལ་གྱི་ལྕགས་རི་རྣམས་ཀྱི་ཐད་དུ་རུ་དར་འཛུགས་ཤིག མེལ་ཚེ་བརྟན་པོ་བྱོས། སོ་པ་རྣམས་ཞོག་ཅིག འཇབ་ས་རྣམས་ཤོམས་ཤིག དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་བཱ་བེལ་པ་རྣམས་ཀྱི་ཆེད་དུ་གསུངས་པ་དེ་བརྩམས་ནས་སྒྲུབ་པར་ཡང་བྱས་སོ། ༡༣ ཀྱེ་ཆུ་དུ་མའི་སྟེང་ན་སྡོད་ཅིང་། གཏེར་མང་བདོག་པ་ཁྱོད་ཀྱི་མཐའ་མ་ལ་སླེབ་སྟེ། ཁྱོད་ཀྱི་བརྣབས་སེམས་ཀྱི་བྲེ་དེ་གང་། ༡༤ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་ཉིད་ཀྱི་མནའ་བཞེས་ཏེ། འདི་སྐད་དུ། ངས་ཁྱོད་ཆ་ག་འབུའི་ལུགས་སུ་མིས་འཁེང་བར་བྱ་ཤག་སྟེ། དེ་དག་གིས་ཁྱོད་ཀྱི་མདུན་དུ་ཀི་ཀི་སྒྲོག་པར་འགྱུར་རོ་གསུང་།
༡༥ ཁོང་གི་མཐུ་དབང་གིས་ས་གཞི་བཀོད་དེ། ཁོང་གི་ཡེ་ཤེས་ཀྱིས་འཇིག་རྟེན་བཙུགས་པར་མཛད། ཁོང་གི་མཁྱེན་རབ་ཀྱིས་ནམ་མཁའ་རྣམས་འདིང་བར་བྱས། ༡༦ ཁོང་གིས་གསུང་སྐད་འདོན་དུས་ནམ་མཁའ་རྣམས་ན་ཆུའི་འུར་སྒྲ་ཆེ། ས་མཐའ་རྣམས་ལས་ན་བུན་རྣམས་སློང་བར་མཛད། ཆར་པའི་དོན་དུ་གློག་རྣམས་ཀྱང་མཛད། ཉིད་ཀྱི་གཏེར་མཛོད་རྣམས་ལས་ཀྱི་སིར་རླུང་འདོན་ནོ། ༡༧ མི་ཡོད་དོ་ཅོག་གཏི་མུག་ཅན་དང་རིག་པ་མེད་པ་སྟེ། གསེར་བཟོ་པ་ཐམས་ཅད་རང་གི་སྐུ་འདྲས་རྐྱེན་ཏེ་ངོ་ཚའོ། དེ་ཅིའི་ཕྱིར་ཞེ་ན། དེའི་བླུགས་སྐུ་ནི་རྫུས་མ་དང་། དེ་དག་གི་ནང་ན་དབུགས་ཀྱང་མེད་པས་སོ། ༡༨ དེ་དག་ཡ་མ་བརླ་པོ་དང་། འཁྲུལ་འཇུག་པའི་དངོས་པོ་སྟེ། ཞལ་ཆེ་གཅོད་དུས་སུ་དེ་དག་མེད་པར་འགྱུར། ༡༩ ཡ་ཀོབ་ཀྱི་ཐོབ་སྐལ་ནི་དེ་དག་དང་འདྲ་བ་མིན། དེ་ཅིའི་ཕྱིར་ཞེ་ན། ཁོང་ནི་ཐམས་ཅད་ཀྱི་བཀོད་པ་པོ་དང་། ཨིས་ར་ཨེལ་ནི་ཁོང་གི་སྐུ་སྐལ་གྱི་ཕྱག་འཁར་ཡིན་ཏེ། ཁོང་གི་མཚན་ནི་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ལགས་སོ༎
༢༠ ཁྱོད་ངའི་དགྲ་སྟ་དང་འཐབ་མོའི་མཚོན་ཆ་ཡིན་ཏེ། ཁྱོད་ཀྱི་ངང་ནས་ངས་མི་བརྒྱུད་རྣམས་དུམ་བུར་གཏུབ་ཅིང་། ཁྱོད་ཀྱི་ངང་ནས་རྒྱལ་ཁམས་རྣམས་མེད་པར་བྱ། ༢༡ ཁྱོད་ཀྱི་ངང་ནས་ངས་རྟ་དང་ཞོན་མཁན་གཉིས་པོ་དུམ་བུར་གཏུབ་སྟེ། ཁྱོད་ཀྱི་ངང་ནས་ཤིང་རྟ་དང་དེའི་ནང་དུ་ཞུགས་པ་གཉིས་པོ་དུམ་བུར་གཏུབ་རྒྱུ་ཡིན། ༢༢ ཁྱོད་ཀྱི་ངང་ནས་ངས་སྐྱེས་པ་སྐྱེས་དམན་གཉིས་པོ་དུམ་བུར་གཏུབ་ཅིང་། ཁྱོད་ཀྱི་ངང་ནས་རྒན་བྱིས་གཉིས་པོ་དུམ་བུར་གཏུབ་རྒྱུ་སྟེ། ཁྱོད་ཀྱི་ངང་ནས་དར་མ་དང་ན་ཆུང་གཉིས་པོ་གཏུབ་པར་བྱའོ། ༢༣ ཁྱོད་ཀྱི་ངང་ནས་ངས་རྫི་བོ་དང་ཁྱུ་བཅས་དུམ་བུར་གཏུབ་ཅིང་། ཁྱོད་ཀྱི་ངང་ནས་ཁྱིམ་བདག་དང་དེའི་གླང་དོར་བཅས་དུམ་བུར་གཏུབ་སྟེ། ཁྱོད་ཀྱི་ངང་ནས་ངས་བཀའ་བློན་དང་བློན་པོ་རྣམས་ཀྱང་དུམ་བུར་གཏུབ་པར་བྱའོ། ༢༤ ཡང་ངས་བཱ་བེལ་དང་ཀལ་དཱི་པ་ཚང་མ་ལ། དེ་དག་གིས་ཙི་ཨོན་དུ་ཁྱོད་ཅག་གི་མཐོང་སར་བྱས་པའི་ངན་ཐམས་ཅད་ཀྱི་ལན་སྟེར་བར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༢༥ ཀྱེ་ཧོ། ཡ་ཧོ་ཝཱས་འདི་སྐད་གསུང་། ས་གཞི་ཐམས་ཅད་འཇིགས་པར་བྱེད་པའི་ཀྱེ་རི་བོ་འཇིག་བྱེད། ངས་ཁྱོད་ལ་སྡང་སྟེ། ངས་ཁྱོད་ཀྱི་ཐོག་ཏུ་ཉིད་ཀྱི་ཕྱག་བརྐྱངས་ཏེ། བྲག་རྣམས་ལས་ཁྱོད་རྦབ་ཏུ་བསྒྲིལ་ནས། ཁྱོད་མེས་བསྲེག་པའི་རི་བོར་བྱའོ། ༢༦ དེ་ནས་མིས་ཁྱོད་ལས་གྲུ་རྡོའམ་རྨང་རྡོ་མི་བླང་བར། ཁྱོད་དུས་རྟག་ཏུ་སྟོངས་ནས་ལུས་པར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༢༧ ས་ལ་རུ་དར་འཕྱར་བར་བྱོས། མི་རིགས་རྣམས་ཀྱི་དབུས་སུ་རྒྱ་དུང་ཕུས་ཤིག མི་བརྒྱུད་རྣམས་མོའི་དགྲར་ཤོམས་ཤིག ཨ་ར་རད་དང་མིན་ནི་དང་། ཨས་ཀེ་ནཱའི་རྒྱལ་སྲིད་རྣམས་མོའི་མདུན་དུ་སྤུངས་ཤིག དེའི་དགྲར་དམག་དཔོན་སྐོས་ཤིག རྩུབ་པའི་ཆ་ག་འབུའི་ཚུལ་དུ་རྟ་རྣམས་དེའི་ཐོག་ཏུ་རྒྱུག་ཅིག ༢༨ མི་བརྒྱུད་རྣམས་དང་། མ་དཱ་ཨི་པའི་རྒྱལ་པོ་རྣམས་དང་། དེའི་བཀའ་བློན་དག་དང་། རྫོང་དཔོན་ཐམས་ཅད་དང་། དེའི་རྒྱལ་སྲིད་ཀྱི་ཡུལ་ཁམས་ཐམས་ཅད་དང་བཅས་མོ་ལ་འཐབ་གྲབས་བྱོས་ཤིག ༢༩ དེ་ནས་ས་གཞི་འདར་ཞིང་ཚེར། དེ་ཅིའི་ཕྱིར་ཞེ་ན། བཱ་བེལ་ནང་མི་གཅིག་ཀྱང་མི་གནས་པ་ཙམ་དུ་སྟོངས་པར་མཛད་དུ། ཡ་ཧོ་ཝཱའི་དགོངས་པ་རྣམས་སྒྲུབ་པར་འགྱུར་བའི་ཕྱིར་རོ། ༣༠ བཱ་བེལ་གྱི་དཔའ་བདུད་རྣམས་དམག་འགྱེད་པ་ལ་འཛེམ། རྫོང་ནང་བསྡད་ནས། དེ་དག་གི་དཔའ་ཉམས་ཏེ་བུད་མེད་ལྟ་བུར་གྱུར་ཏོ། དེ་དག་གིས་མོའི་གནས་ཚང་རྣམས་མེས་བསྲེགས། མོའི་སྒོ་གཏན་རྣམས་བཅག ༣༡ བཱ་བེལ་རྒྱལ་པོ་ལ། ཁྱོད་ཀྱི་རྒྱལ་ས་ནི་ཕྱོགས་ཀུན་ལས་བཅག་གོ། ཞེས་འཕྲིན་སྲིང་བ་ལ། རྟ་ཟམ་གཅིག་དང་གཅིག་འཕྲད་པ་དང་། བང་ཆེན་གཅིག་གཅིག་འཕྲད་པ་ལ་རྒྱུག་འགྲོ་བར་འགྱུར། ༣༢ ཡང་ཆུ་རབས་རྣམས་སུ་བསླེབས་ཏེ། འདམ་བུ་རྣམས་མེས་བསྲེགས་པས། དམག་གི་སྐྱེ་བོ་རྣམས་འཇིགས་པར་གྱུར་ཏོ། ༣༣ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། བཱ་བེལ་གྱི་བུ་མོ་ནི་རྐང་བརྫིས་ལ་གཏོང་དུས་གཡུལ་འཐག་དང་མཚུངས། ད་རེ་ཞིག་ནས་མོའི་བཙའ་མའི་དུས་ལ་འབབ་པར་འགྱུར་རོ་གསུང་།
༣༤ བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ང་ཟོས། དེས་ང་བཏགས། ང་ཡོ་བྱད་སྟོང་པ་རུ་བྱས། འབྲུག་ལྟར་དེས་ང་ཁྱུར་མིད་དུ་བཏངས། ངའི་རོ་བརྒྱ་བས་དེའི་གྲོད་པ་བགངས་ནས། ང་བསྐྲད་ནས་བཏང་། ༣༥ ང་དང་ངའི་མི་རྣམས་ལ་དྲག་པོ་བྱས་པ་དེ་རང་བཱ་བེལ་གྱི་ཐོག་ཏུ་འབབ་པར་ཤོག་ཅིག ཅེས་ཙི་ཨོན་པ་རྣམས་ཀྱིས་ཟེར་བར་འགྱུར། ཡང་ཡེ་རུ་ཤ་ལེམ་གྱིས། ངའི་མི་ཤ་ཀལ་དཱི་པ་རྣམས་ཀྱི་ཐོག་ཏུ་ཡིན། ཞེས་ཟེར་བར་འགྱུར། ༣༦ དེས་ན་ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་སྡོད། ངས་ཁྱོད་ཀྱི་གཤགས་ཀྱི་ཕྱིར་འཁྲབ་སྟེ། ཁྱོད་ཀྱི་དགྲ་རྩོད་པར་བྱ་ཞིང་། མོའི་རྒྱ་མཚོ་དེ་སྐམ་པོ་དང་། དེའི་ཆུ་མིག་རང་དུ་གཞུག་པ་དང་། ༣༧ བཱ་བེལ་ཡུལ་གོག་དང་། ཅེ་སྤྱང་གི་གནས་སར་གྱུར་ཏེ། གཞིས་པ་གཅིག་ཀྱང་མེད་པའི་ཧན་འཁྱོར་བ་དང་། འོ་ཤོའི་གནས་སུ་འགྱུར་བར་འགྱུར། ༣༨ སེང་དར་མ་ལྟར་དེ་དག་ལྷན་ཅིག་ཏུ་ངར་སྐད་སྒྲོག་ཅིང་། སེང་ཕྲུག་ལྟར་ང་རོ་འདོན་པར་འགྱུར་གྱིས། ༣༩ དེ་དག་སེམས་བསོད་ཅིང་དུས་གཏན་གྱི་གཉིད་ཀྱིས་འཐིབས་ནས་གཉིད་མི་སད་པའི་དོན་དུ། དེ་དག་ངར་བའི་ཚེ་ངས་དེ་དག་ལ་མགྲོན་བཤམས་ཏེ། བཟི་རུ་གཞུག་གོ། ཡ་ཧོ་ཝཱས་གསུང་། ༤༠ ཁོ་བོས་དེ་དག་ལུ་གུ་ལྟར་དང་། ལུག་ཐུག་དང་ར་ཐུག་ལྟར་བཤན་པའི་དྲུང་དུ་རྡབ་པར་བྱའོ༎
༤༡ ཤེ་ཤཱག་ཇི་ལྟར་ཁྱེར། ས་གཞི་ཡོངས་ཀྱི་དཔལ་དེ་ཇི་ལྟར་བཅོམ། མི་བརྒྱུད་རྣམས་ཀྱི་དཀྱིལ་ན་བཱ་བེལ་ག་ཙུག་ལ་ཧན་འཁྱོར་བའི་གནས་སུ་གྱུར། ༤༢ བཱ་བེལ་གྱི་ཐོག་ཏུ་རྒྱ་མཚོ་འཁེལ་ཏེ། དེའི་རྦ་རླབས་ཀྱི་ཚོགས་ཀྱིས་མོ་ནི་བཀབ། ༤༣ མོའི་གྲོང་ཁྱེར་རྣམས་སྟོངས་ཏེ། ས་ཆ་སྐམ་པོ་དང་། མི་སུའང་མི་གནས་ཤིང་། མིའི་བུ་སུ་ཡང་དེའི་མདུན་ལས་མི་རྒྱུ་བའི་འབྲོག་སྟོང་ཞིག་ཏུ་གྱུར་ཏོ། ༤༤ ཁོ་བོས་བཱ་བེལ་དུ་བཱེལ་ལ་ཆད་པས་གཅད་ཅིང་། ཁོས་ཁྱུར་མིད་བྱས་པ་རྣམས་དེའི་ཁའི་ནང་ནས་འདོན་པར་བྱ་སྟེ། དེ་ཚུན་ཆད་མི་བརྒྱུད་རྣམས་དེའི་མདུན་དུ་ལྷན་ཅིག་ཏུ་ཕྱོགས་པར་ཡང་མི་བྱ། འོ་ན། བཱ་བེལ་གྱི་ལྕགས་རི་རྣམས་ལོག་པར་འགྱུར་རོ༎
༤༥ ཀྱེ་ངའི་མི་སྡེ། མོའི་ཁྲོད་ནས་ཐོན་ཞིག ཁྱོད་ཅག་རེ་རེ་བཞིན་ཡ་ཧོ་ཝཱའི་ཐུགས་ཁྲོ་དྲག་པོ་ལས་རང་སྲོག་སྐྱོབས་ཤིག ༤༦ ཁྱོད་ཅག་སེམས་ཆུང་བར་མ་གྱུར་ཅིག ཡུལ་ཁམས་སུ་ཐོས་རྒྱུ་ཡོད་པའི་སྐད་ཆ་ལའང་མ་འཇིགས་ཤིག ཅི་ལ་ཟེར་ན། ལོ་གཅིག་ནང་སྐད་ཆ་གཅིག་དང་། ཕྱི་མ་ལོར་སྐད་ཆ་གཉིས་པ་ཞིག་ཐོས་པར་འགྱུར་བ་དང་། ཡུལ་ནང་དྲག་ཤུལ་དང་། མངའ་བདག་གི་དགྲར་མངའ་བདག་ལྡང་བར་འགྱུར།
༤༧ དེ་བས་ན་ལྟོས་ཤིག ངས་བཱ་བེལ་གྱི་བཙོག་སྐུའི་ཁྲིམས་གཅོད་པའི་ཉིན་མོར་ལ་འབབ་ཀྱིན་འདུག དེ་ནས་དེའི་ཡུལ་ཁམས་ཧྲིལ་པོ་ངོ་ཚས་འཛིན་པར་འགྱུར། མོའི་ཤི་མཁན་ཐམས་ཅད་དེའི་དབུས་སུ་ལྕར་རེ་ལུས་པར་འགྱུར། ༤༨ དེའི་ཚེ་ནམ་མཁའ་དང་ས་དང་། དེ་གཉིས་ནང་ཡོད་པ་ཀུན་གྱིས་བཱ་བེལ་ལ་བལྟས་ནས་དགའ་མགུ་ཞིང་གླུ་འཐེན་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། འཇོམས་བྱེད་རྣམས་བྱང་ཕྱོགས་ལས་མོའི་ཐོག་ཏུ་འོང་བར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་། ༤༩ ཇི་ལྟར་བཱ་བེལ་གྱིས་ཨིས་ར་ཨེལ་གྱི་བསད་པ་རྣམས་འགྱེལ་དུ་བཅུག་པ་ཡིན། དེ་ཀ་བཞིན་དུ་ཡུལ་ཐམས་ཅད་ཀྱི་ཤི་མཁན་བཱ་བེལ་དུ་འགྱེལ་བར་འགྱུར་རོ༎
༥༠ རལ་གྲི་ལས་ཐར་ཏེ་ལུས་པ་ཁྱོད་རྣམས། སོང་། ཙོག་གེར་ལངས་ནས་མ་སྡོད་ཅིག རྒྱང་རིང་པོ་ནས་ཡ་ཧོ་ཝཱ་དྲན་པར་བྱོས་ཤིག་དང་། རང་གི་ཡིད་དུ་ཡེ་རུ་ཤ་ལེམ་འོང་དུ་ཆུག་ཅིག
༥༡ ངེད་ཅག་གིས་སྐུར་པ་ཐོས་པས་ངོ་ཚ། ཡ་ཧོ་ཝཱའི་ཕོ་བྲང་གི་གནས་དམ་པར་འཁྱམ་པོ་རྣམས་ཞུགས་ཤིང་འོང་བའི་ཐབས་ཀྱིས། ངེད་ཅག་གི་གདོང་པ་ཁྲེལ་བས་གཡོགས།
༥༢ དེའི་སླད་དུ་ཡ་ཧོ་ཝཱས་འདི་སྐད་གསུང་། ངས་དེའི་བཙོག་སྐུ་རྣམས་ལ་ཁྲིམས་གཅོད་རྒྱུའི་ཉིན་མོ་རྣམས་ལ་འབབ་བོ། མོའི་ཡུལ་ཁམས་ཀུན་ནང་སྣད་མཁན་རྣམས་ཀྱིས་འཁུན་སྒྲ་འདོན་པར་འགྱུར།
༥༣ བཱ་བེལ་ནམ་མཁའི་བར་དུའང་འཛེག་རུང་། ཡང་དེས་རང་གི་མཐུ་སྟོབས་ཀྱི་རྫོང་མཐོན་པོ་རྣམས་བརྟན་པོ་བྱེད་རུང་། དེ་ནས་ཀྱང་ངའི་ཕྱོགས་ནས་འཇིག་བྱེད་རྣམས་འབྱུང་བར་འགྱུར་རོ། ཡ་ཧོ་ཝཱས་གསུང་ངོ་༎
༥༤ བཱ་བེལ་ནས་ངུ་སྐད་ཅིག་འཐོན། ཀལ་དཱི་པའི་ཡུལ་ལས་འཇིག་པ་ཆེན་པོའི་སྐད་ཅིག་ལྷང་སེ་ལྷང་། ༥༥ དེ་ཅི་ལ་ཟེར་ན། ཡ་ཧོ་ཝཱས་བཱ་བེལ་འཇིག་པར་མཛད་ཅིང་། དེའི་དཀྱིལ་ན་ཡོད་པའི་ཅ་ཅོ་ཆེན་པོ་དེ་མེད་པར་མཛད་པས། དེ་དག་གི་རྦ་རླབས་ཀྱིས་ཆུ་མང་པོ་ལྟ་བུའི་འུར་སྒྲ་བསྒྲགས་ཏེ། དེ་དག་གི་ཀུ་སྒྲའི་ཅ་ཅོ་བསྒྲགས་པ་ཡིན། ༥༦ དེ་ཅིའི་ཕྱིར་ཞེ་ན། འཇོམས་མཁན་ནི་མོའམ་བཱ་བེལ་རང་གི་ཐོག་ཏུ་འོང་སྟེ། མོའི་དཔའ་བདུད་རྣམས་འཛིན་ཏེ། དེ་དག་གི་གཞུ་དུམ་བུར་བཅག་གོ། ཅི་ལ་ཟེར་ན། ཡ་ཧོ་ཝཱ་དུགས་ལན་བཞེས་པའི་དཀོན་མཆོག་ལགས་པས། ངེས་པར་དུ་ལན་བཞེས་པར་འགྱུར། ༥༧ ཡང་ངས་མོའི་སྐུ་དྲག་དང་། མཁས་པ་དང་། བཀའ་བློན་དང་། བློན་པོ་དང་། དཔའ་བདུད་རྣམས་བཟི་རུ་བཅུག་སྟེ། དུས་གཏན་གྱི་གཉིད་ཀྱིས་འཐིབས་ཤིང་གཉིད་སད་པར་མི་འགྱུར་རོ། ཞེས་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱའི་མཚན་མངའ་བའི་རྒྱལ་པོས་གསུང་།
༥༨ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་། བཱ་བེལ་གྱི་ལྕགས་རི་རྒྱ་ཆེ་བ་དེ་བརློགས་ཏེ། དེའི་རྒྱ་སྒོ་མཐོན་པོ་རྣམས་མེས་སྲེག་པར་འགྱུར། མི་སྡེ་རྣམས་ཀྱིས་དོན་མེད་དུ་འབད། མི་བརྒྱུད་རྣམས་ཀྱིས་མེའི་ཕྱིར་འབད་པར་འགྱུར་བས། དེ་དག་ཉམས་ཐག་པར་འགྱུར་རོ༎
༥༩ ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱས་སྲིད་བྱེད་པའི་ལོ་བཞི་པར། ཁོང་གི་དོན་དུ་བཱ་བེལ་དུ་ཆས་པའི་མ་ཨ་སེ་ཡཱའི་ཚ་བོའམ། ནེར་ཡཱའི་བུ་སེ་ར་ཡཱ་ལ་ལུང་སྟོན་པ་ཡེ་རེམ་ཡཱས་བསྒོ་བའི་བཀའ་ལུང་ནི་འདི་ལྟ་སྟེ། སེ་ར་ཡཱ་འདི་པ་ནི་ནང་བློན་ཡིན་ནོ། ༦༠ དེའང་ཡེ་རེམ་ཡཱས་བཱ་བེལ་གྱི་ཐོག་ཏུ་འབྱུང་རྒྱུའི་རྐྱེན་ངན་ཚང་མའམ། བཱ་བེལ་གྱི་སྐོར་དུ་བྲིས་པའི་གསུང་འདི་དག་གླེགས་བམ་གཅིག་གི་ནང་དུ་བྲིས་ནས། ༦༡ ཡེ་རེམ་ཡཱས་སེ་ར་ཡཱ་ལ་འདི་ན་རེ། ཁྱེད་བཱ་བེལ་དུ་བྱོན་དུས་བཀའ་ལུང་འདི་ཀུན་ཀློག་ཏུ་ལྟོས་ཤིག ༦༢ དེར་ཁྱེད་ཀྱིས། ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱིས་འདིའི་ནང་དུ་མིའམ་དུད་འགྲོ་གང་ཡང་མི་གནས་པར། དུས་རྒྱུན་དུ་སྟོངས་ནས་ལུས་པའི་ཕྱིར། གནས་འདི་མེད་པར་བྱའོ། ཞེས་གནས་འདིའི་སྐོར་དུ་གསུངས་པ་ཡིན་ཞུ་བར་བྱ། ༦༣ ཡང་དེ་ནས་ཁྱེད་ཀྱིས་མདོ་འདི་བཀླགས་ཟིན་པའི་ཚེ། དེ་ལ་རྡོ་ཞིག་བཏགས་ནས། ཡུབ་རཱད་ཀྱི་དཀྱིལ་དུ་དབྱུགས་ཏེ། ༦༤ འདི་བཞིན་དུ་བཱ་བེལ་ནུབ་པར་འགྱུར། ཞེས་ཁྱེད་ཀྱིས་སྨྲ་བར་བྱ། ཡང་ངས་མོའི་ཐོག་ཏུ་འབེབས་བྱའི་རྐྱེན་ངན་གྱི་འོག་ནས་དེ་སླར་ལྡང་བར་མི་འགྱུར། ཡང་དེ་རྣམས་ཡི་མུག་པར་འགྱུར་རོ། འདི་ཐུག་ཏུ་ཡེ་རེམ་ཡཱའི་གསུང་རྣམས་སོ༎