༥༠
ཡ་ཧོ་ཝཱས་བཱ་བེལ་དང་། ཀལ་དཱི་པའི་ཡུལ་ཁམས་ཀྱི་སྐོར་དུ་ཡེ་རེམ་ཡཱའི་ངག་གི་སྒོ་ནས་གསུངས་པའི་བཀའ་མཆིད་ནི།༢ ཁྱོད་ཀྱིས་མི་བརྒྱུད་རྣམས་ཀྱི་ནང་དུ་ཤོད་ཅིག མོལ་ལ་ཐོང་ཞིག འཕྱར་དར་སྒྲེང་ཞིག བཀར་ཐོགས་ལ་ཅིའང་མ་སྦ་བར་འདི་སྐད་དུ། བཱ་བེལ་ཁྱེར་ཟིན། བཱེལ་གྱི་ཁ་སྐྱེངས། མེ་རོ་དག་ནི་ཆག མོའི་འདྲ་སྐུ་རྣམས་སྐྱེངས། མོའི་སྐུ་འདྲ་རྣམས་ཆག་གོ། ༣ ཅི་ལ་ཟེར་ན། བྱང་ཕྱོགས་ནས་དེའི་ཐད་དུ་མི་རིགས་ཤིག་འོང་གིན་འདུག དེས་མོའི་ཡུལ་ཁམས་སྟོངས་སུ་བཅུག་སྟེ། དེར་མི་གཅིག་ཅིག་ཀྱང་གནས་པར་མི་འགྱུར། མིའམ་དུད་འགྲོ་ཅི་ཡིན་ནའང་བྲོས་ཟིན། ཆས་ཟིན།
༤ དེའི་ཚེ་དེའི་དུས་སུ་ཨིས་ར་ཨེལ་གྱི་བུ་བརྒྱུད་ཡ་ཧུ་དཱའི་བུ་བརྒྱུད་དང་ལྷན་ཅིག་ཏུ་ཚུར་འོང་བར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་སྟེ། དེ་དག་ངུ་ཞིང་ཆས་ཏེ། ཡ་ཧོ་ཝཱ་རང་གི་དཀོན་མཆོག་འཚོལ་བར་འགྱུར། ༥ དེ་དག་གིས་ཙི་ཨོན་ཕྱོགས་སུ་གདོང་བསྒྱུར་ཏེ། དེའི་ལམ་འདྲི་ཞིང་། ཚུར་ཤོག ངེད་ལྷན་ཅིག་ཏུ་ལྷགས་ཤིང་། ནམ་ཡང་གཡེལ་བར་མི་འགྱུར་བའི་གཏན་གྱི་འཆིང་ཡིག་ཅིག་ཡ་ཧོ་ཝཱ་དང་བཅས་སུ་བཅའ་བར་བྱའོ་ཞེས་ཟེར་བར་འགྱུར།
༦ ངའི་མི་སྡེ་ནི་ལུག་སྟོར་མཁན་རྣམས་ཡིན། དེ་དག་གི་རྫི་བོ་རྣམས་ཀྱིས་དེ་དག་ལམ་སྟོར་དུ་བཅུག རི་གར་བརྒྱབས། དེ་དག་རི་བོ་ལས་སྒང་གར་ཡོད་ལ་སོང་ནས། རང་གི་སྡོད་གནས་དེ་བརྗེད་པར་གྱུར་ཏེ། ༧ སུ་ཕྲད་ཀྱིས་དེ་དག་ཟོས་ནས། འདི་དག་གི་དྲང་བ་ཉིད་ཀྱི་གཞལ་ཡས་ཁང་ལགས་པའི་ཡ་ཧོ་ཝཱ། འདི་རྣམས་ཀྱི་ཕ་མེས་ཀྱི་རེ་སའི་ཡ་ཧོ་ཝཱར་སྡིག་པ་བྱས་སྟབས་ཀྱིས། ངེད་ཅག་ལ་འགལ་མེད་ཅེས་དེ་དག་གི་ཕ་རོལ་པ་རྣམས་ཀྱིས་ཟེར་ཏོ༎
༨ བཱ་བེལ་ལས་ཐོན་ཞིག ཀལ་དཱིའི་ཡུལ་ནས་ཐེགས་ཤིག ཁྱུའི་སྣར་འགྲོ་བའི་ར་ཕོ་རྣམས་དང་འདྲ་བར་གྱུར་ཅིག ༩ དེ་ཅིའི་ཕྱིར་ཞེ་ན། ལྟོས་ཤིག ངས་བྱང་གི་ཡུལ་ལས་མི་བརྒྱུད་ཆེན་པོའི་དཔུང་ཚོགས་ཤིག་ལ་ཀུན་སློངས་བྱས་ཏེ། བཱ་བེལ་གྱི་ཐོག་ཏུ་འདྲེན་པར་བྱའོ། དེ་རྣམས་མོའི་ཐད་དུ་འཕྲེང་ལ་བསྡད་དེ། མོ་དེ་ནས་ཕར་འཁྱེར་བར་འགྱུར། དེ་དག་གི་མདའ་རྣམས་དཔའ་བོ་རྩལ་ལྡན་གྱི་མདའ་ལྟར་སྟོང་ལོག་ཏུ་འོང་བར་མི་འགྱུར། ༡༠ དེ་ནས་ཀལ་དཱི་ཡུལ་བཅོམ་ནོར་དུ་གྱུར་ཏེ། དེ་བཅོམ་མཁན་ཀུན་ཚིམ་པར་འགྱུར་རོ། ཡ་ཧོ་ཝཱས་གསུང་། ༡༡ དེའང་ཁྱོད་ཅག་དགའ་མགུ་ཞིང་ཡི་རང་བ་ཡིན། ཀྱེ་ངའི་ནོར་སྐལ་འཕྲོག་མཁན་ཁྱོད་གཡུལ་འཐག་གི་བེའུ་ལྟར་འཐག་ཅིང་། རྟ་ཕོ་ཤུགས་ལྡན་ལྟར་བསིལ་སྒྲ་སྒྲོག་རུང་། ༡༢ ཁྱོད་ཀྱི་མ་ཁ་སྐྱེངས་ཤིང་། ཁྱོད་བཙས་མཁན་དེ་ངོ་ཚ་བར་འགྱུར། ལྟོས་དང་། མོ་ནི་མི་བརྒྱུད་རྣམས་ནང་ཕྱི་མ་དང་། འབྲོག་སྟོང་དང་ཐང་སྐམ་པོ་དང་། ས་སྟོང་དུ་འགྱུར་བར་འགྱུར། ༡༣ ཡ་ཧོ་ཝཱའི་ཐུགས་ཁྲོའི་དབང་གིས་དེ་ནི་ཡུལ་དུ་མི་འཚུགས་པར། རྩད་ནས་སྟོངས་པར་འགྱུར། བཱ་བེལ་གྱི་མདུན་ལས་འགྲུལ་ཚད་དྲན་པ་འཁྱོར་ཞིང་། དེའི་རྨ་ཁ་ཀུན་གྱི་ཕྱིར་ཙོག་ཙོག་ཟེར་བར་འགྱུར།
༡༤ ཁྱོད་ཅག་བཱ་བེལ་གྱི་མཐའ་བསྐོར་ཏེ་འཕྲེང་དུ་སྡོད་ཅིག གཞུ་སྐྱིལ་མཁན་ཁྱོད་ཐམས་ཅད་མདའ་ལ་མ་འཕངས་པར་མོ་ལ་རྒྱོབ་ཅིག དེ་ཅིའི་ཕྱིར་ཞེ་ན། མོས་ཡ་ཧོ་ཝཱར་སྡིག་པ་བྱས་སོ། ༡༥ མོ་མཐའ་ནས་བསྐོར་ཏེ་ཀི་ཐོང་ཞིག མོས་མགོ་དགུར། དེའི་རྨང་རྣམས་གཡོས། དེའི་ལྕགས་རི་རྣམས་རྡིབས་སོ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཡ་ཧོ་ཝཱའི་དགྲ་རྩོད་པ་ཡིན། མོས་ཇི་བཞིན་བྱས་པ་ལྟར་དུ་མོ་ལས་ལན་ལེན་ཞིང་མོ་ལ་གྱིས་ཤིག ༡༦ བཱ་བེལ་གྱི་ནང་ན་ཞིང་རྨོ་མཁན་དང་། བཙའ་མའི་དུས་སུ་ཟོར་བར་ལག་པ་རེག་པ་དེ་ཚར་དུ་ཆོད་ཅིག མནར་བྱེད་ཀྱི་རལ་གྲིའི་འཇིགས་པས་ཚང་མ་རེ་རང་གི་མི་སྡེའི་རྩར་ཕྱིར་ལོག་ཅིང་། རེ་རང་གི་ཕ་ཡུལ་དུ་འབྲོས་པར་འགྱུར་རོ༎
༡༧ ཨིས་ར་ཨེལ་ནི་ཁ་འཐོར་བའི་ལུག་ཡིན་ཏེ། སེང་གེ་རྣམས་ཀྱིས་དེ་ལ་བདས། ཐོག་མར་ཨ་སུར་རྒྱལ་པོས་དེ་ཟོས། རྟིང་མཇུག་ཏུ་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་དེའི་རུས་པ་ཡང་བཏགས་པས་ན། ༡༨ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་སྡོད། ཇི་ལྟར་ངས་ཨ་སུར་རྒྱལ་པོ་ལ་ཆད་པ་བཅད་པ་ཡིན། དེ་ལྟར་དུ་བཱ་བེལ་རྒྱལ་པོ་དང་དེའི་ཡུལ་ཁམས་ལ་ཆད་པས་གཅད་དེ། ༡༩ ཨིས་ར་ཨེལ་སླར་ཡང་དེ་རང་གི་གནས་སུ་ཁྲིད་ནས། ཀར་མེལ་དང་བཱ་ཤན་གྱི་རྩྭ་ཁར་སྤྱོད་ཅིང་། ཨེབ་ར་ཨིམ་དང་གིལ་ཨད་ཀྱི་རིར་དེའི་ཡིད་ཚིམ་པར་འགྱུར། ༢༠ དེའི་ཚེ་དེའི་དུས་ཀྱི་ཕྱིར་ཡ་ཧོ་ཝཱས་འདི་སྐད་གསུང་། དེ་ནས་ཨིས་ར་ཨེལ་གྱི་མི་དགེ་བ་ལ་ཞིབ་དཔྱོད་བྱ་ཡང་། ཅིའང་འཐོན་པར་མི་འགྱུར། ཡང་ཡ་ཧུ་དཱའི་མི་དགེ་བ་བཙལ་ཡང་རྙེད་པར་མི་འགྱུར། དེ་ཅིའི་ཕྱིར་ཞེ་ན། ངས་ལུས་བཅུག་པ་རྣམས་ལ་བཤགས་པར་བྱའོ༎
༢༡ ངོ་ལོག་ཉི་ལྡབ་ཀྱི་ཡུལ་ཁམས་དང་། ཆད་པས་གཅོད་བྱའི་ཡུལ་པའི་ཕྱོགས་སུ་དམག་ཐེགས་ཤིག བསྣུན་པར་བྱས་ཏེ། དེ་དག་གི་ཕྱི་བཞིན་བདས་ནས་ཡོངས་སུ་ཚར་ཆོད་ཅིག ཅེས་ཡ་ཧོ་ཝཱས་གསུང་། ཡང་ངས་ཁྱོད་ལ་བཀའ་གནང་བ་ཀུན་དང་བསྟུན་ནས་བྱོས་ཤིག ༢༢ ཡུལ་ནང་ན་དམག་འཐབ་དང་འཇིག་པ་ཆེན་པོའི་ང་རོ་འདུག ༢༣ ས་གཞི་ཐམས་ཅད་ཀྱི་ཐོ་བ་དེ་ཙུག་ལ་བཏུབ་ནས་བཅག་པ་ཡིན། མི་བརྒྱུད་རྣམས་ཀྱི་ཁྲོད་ལས་བཱ་བེལ་ཙུག་ལ་སྟོངས། ༢༤ ངས་ཁྱོད་ལ་རྙི་བཙུག་ནས་ཁྱོད་དེ་ནང་དུའང་ཚུད་ཀྱིས། ཀྱེ་བཱ་བེལ། ཁྱོད་ལ་ཧུན་མ་ཆོད། ཁྱོད་ཀྱིས་ཡ་ཧོ་ཝཱ་ལ་བརྒོལ་བའི་རྐྱེན་གྱིས་ཁྱོད་བརྙེད་ནས་བཟུང་ཡང་བཟུང་། ༢༥ ཡ་ཧོ་ཝཱས་ཉིད་ཀྱི་དམག་ཆས་ཀྱི་མཛོད་ཀྱི་སྒོ་ཕྱེས་ཏེ། ཉིད་ཀྱི་ཐུགས་ཁྲོའི་མཚོན་ཆ་རྣམས་བཏོན་པར་མཛད། ཇི་ལྟར་ཞེ་ན། ཀལ་དཱི་པའི་ཡུལ་ཁམས་ཀྱི་ནང་དུ། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་གཙོ་བོ་ལ་མཛད་པ་ཞིག་མཛད་དགོས་ཡོད་དེ།
༢༦ ས་མཐའ་ནས་དེའི་ཐོག་ཏུ་འོངས་ཤིག དེའི་བང་མཛོད་ཀྱི་ཁ་ཕྱེས་ཤིག པང་ཁོད་ལྟར་འཐག་པར་བྱོས་ཤིག རྩད་ནས་མེད་པར་བྱོས་ཤིག མོའི་ཅིའང་ལུས་སུ་མ་ཆུག་ཅིག ༢༧ མོའི་གླང་ཚང་མ་གསོད་ཅིག དེ་རྣམས་བཤན་པའི་རྩར་རྡོབ་ཅིག འདི་དག་གི་ཞག་དང་། ཞིབ་དཔྱོད་བྱ་དུས་རན་པས། ཧའེ་ཧའེ་དེ་དག ༢༨ ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་དུགས་ལན་དང་། ཁོང་གི་མཆོད་ཁང་གི་དུགས་ལན་ནི་འདིའོ། ཞེས་ཙི་ཨོན་ནང་སྒྲོག་ཏུ་བཱ་བེལ་གྱི་ནང་ནས་བྲོས་ཤིང་ཐར་བར་གྱུར་པ་རྣམས་ཀྱི་སྐད་ལྷང་ལྷང་།
༢༩ བཱ་བེལ་གྱི་མདུན་དུ་མདའ་པ་རྣམས་དང་གཞུ་སྐྱིལ་མཁན་ཐམས་ཅད་སྤུངས་ཤིག དེའི་མཐའ་བསྐོར་ནས་དམག་བྲང་ཕོབ་ཅིག དེའི་ནང་ནས་གང་ཡང་འབུད་དུ་མ་ཆུག མོའི་ལས་ལ་རག་ལས་ཏེ་ལན་ཐོང་ཞིག མོས་གཞན་ལ་བྱས་པ་ཐམས་ཅད་བཞིན་དུ་མོ་རང་ལའང་གྱིས་ཤིག དེ་ཅིའི་ཕྱིར་ཞེ་ན། མོས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དམ་པ་ཉིད་ལའང་ང་རྒྱལ་བསྟན་པས། ༣༠ མོའི་གཞོན་ནུ་རྣམས་ལམ་སྲང་རྣམས་ནང་འགྱེལ་ཞིང་། མོའི་དམག་གི་སྐྱེ་བོ་ཚང་མ་ཞག་དེར་གཏུབ་པར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་། ༣༡ ལྟོས་སྡོད། ཁྱོད་ང་རྒྱལ་ཆེན་པོས་བརླམས་པའི་དགྲ་ནི་ཁོ་བོ་སྟེ། ཞེས་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་གཙོ་བོས་གསུང་། ཅི་ལ་ཟེར་ན། ངས་ཁྱོད་ལ་ཆད་པས་གཅོད་པའི་དུས་ཚོད་དང་། ཁྱོད་ཀྱི་ཞག་ལ་བབས་སོ། ༣༢ ཤིན་ཏུ་རང་མཐོང་ཅན་དེ་འབུབ་ཅིང་འགྱེལ་བར་འགྱུར་ཏེ། སུས་ཀྱང་དེ་སློང་བར་མི་འགྱུར། ངས་དེའི་གྲོང་ཁྱེར་རྣམས་ལ་མེ་སྤར་བ་དང་། དེའི་ཀྱིར་འཁོར་ཐམས་ཅད་ཀྱང་བསྲེག་པར་འགྱུར་རོ༎
༣༣ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཨིས་ར་ཨེལ་གྱི་བུ་བརྒྱུད་དང་། ཡ་ཧུ་དཱའི་བུ་བརྒྱུད་གཉིས་པོ་ལྷན་ཅིག་ཏུ་བཅོམ་སྟེ། དེ་དག་བཙོན་དུ་འཛིན་པ་ཚང་མས་དེ་དག་དམ་དུ་བཟུང་ནས། འབུད་པར་མི་བྱའོ་སྨྲས། ༣༤ དེ་དག་གི་སྒྲོལ་མཛད་ནི་མཐུ་ལྡན་ཏེ། ཁོང་གི་མཚན་དུ་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ལགས་པས། ས་ལ་དུས་བདེ་དང་བཱ་བེལ་པ་ལ་མི་བདེ་བ་སྟེར་བ། དེ་དག་གི་རྒྱུ་རྐྱེན་གྱི་ཕྱིར་ཡོངས་སུ་རྩོད་གླེང་མཛད་པར་འགྱུར་རོ། ༣༥ ཡ་ཧོ་ཝཱས་འདི་སྐད་གསུང་། ཀལ་དཱི་པ་རྣམས་དང་། བཱ་བེལ་པ་དང་། མོའི་སྐུ་དྲག་རྣམས་མི་མཁས་པ་རྣམས་དང་བཅས་པའི་ཐོག་ཏུ་རལ་གྲི་ཞིག་ཡོད། ༣༦ ཁེངས་དྲེགས་ཅན་གྱི་ཐོག་ཏུའང་རལ་གྲི་ཞིག་ཡོད་པས། དེ་དག་རྨོངས་པར་འགྱུར། མོའི་མི་དཔའ་བོ་རྣམས་ཀྱི་ཐོག་ཏུའང་རལ་གྲི་ཞིག་ཡོད་པས། དེ་རྣམས་ཀྱི་སྤོབས་པ་འབུད་པར་འགྱུར། ༣༧ དེ་ཚོའི་རྟ་དང་ཤིང་རྟ་དང་། མོའི་དབུས་ན་ཡོད་པའི་མི་སྡེ་འདྲེས་མ་ཀུན་གྱི་ཐོག་ཏུའང་རལ་གྲི་ཞིག་ཡོད་པས། དེ་རྣམས་བུད་མེད་ལྟ་བུར་འགྱུར་བར་འགྱུར། མོའི་གཏེར་རྣམས་ཀྱི་ཐོག་ཏུའང་རལ་གྲི་ཞིག་ཡོད་པས། དེ་རྣམས་འཕྲོག་ནས་འཁྱེར་བར་འགྱུར། ༣༨ མོའི་ཆུ་རྣམས་ཀྱི་ཐོག་ཏུའང་ཆུ་མིག་ཅིག་ཡོད་པས། དེ་རྣམས་སྐེམ་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། འདི་ནི་བཙོག་སྐུའི་ཡུལ་ཁམས་དང་། སྐུ་འདྲའི་ཕྱིར་སྨྱོ་མཁན་ཡིན་པས་སོ། ༣༩ དེའི་ཕྱིར་སྤྱང་ཀི་དང་བཅས་སུ་འབྲོག་སྟོང་གི་གཅན་གཟན་དེར་གནས་ཤིང་། བྱ་རྔ་མོང་རྣམས་ཀྱང་དེར་གནས་ཏེ། དེ་ཕྱིན་ཆད་དེ་ནམ་དུའང་ཡུལ་དུ་འཚུགས་པར་མི་འགྱུར་ཏེ། མི་རབས་ནས་མི་རབས་ཀྱི་བར་དུའང་དེར་མི་གནས་ཏེ། ༤༠ ཇི་ལྟར་དཀོན་མཆོག་གིས་སོ་དོམ་དང་གོ་མོ་རཱ་དང་། དེའི་ཉེ་འཁོར་གྱི་གྲོང་ཁྱེར་རྣམས་ཁ་འབུབ་ཏུ་བཏང་བ་ལྟར། དེར་ཡང་མི་གཅིག་ཀྱང་མི་གནས་པར། མིའི་བུ་སུའང་གནས་པར་མི་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༤༡ ལྟོས་ཤིག བྱང་གི་ཡུལ་ནས་མི་བརྒྱུད་ཅིག་འོང་གིན་འདུག ས་གཞིའི་མཐའ་མའི་མཐའ་མ་རྣམས་ལས་མི་རིགས་ཆེན་པོ་ཞིག་དང་རྒྱལ་པོ་དུ་མ་ཡར་ལྡང་བར་འགྱུར། ༤༢ དེ་དག་གིས་གཞུ་དང་མདུང་ཐོགས་ཏེ། དྲག་ཤུལ་ཆེ་ཞིང་སྙིང་རྗེ་མེད། རྒྱ་མཚོ་བཞིན་དུ་དེ་དག་གིས་ང་རོ་འདོན། དེ་དག་རྟ་ལ་ཞོན་ཞིང་། དམག་གི་སྐྱེ་བོ་ལྟར་དེ་དག་གིས་ཁྱོད་ཀྱི་ཐད་དུ་དམག་གྲལ་ཤོམ་པར་བྱེད། ཀྱེ་བཱ་བེལ་གྱི་བུ་མོ། ༤༣ བཱ་བེལ་རྒྱལ་པོས་དེ་དག་གི་ལོ་ཐོས་པ་དང་། ལག་རྩ་ལྷོད་དེ། འཇིགས་པས་གདུངས་ནས། སྐྱེ་གཟེར་ཐེབས་པའི་བུད་མེད་ལྟ་བུའི་ཟུག་གཟེར་གྱིས་ཐེབས་སོ། ༤༤ ལྟོས། ཁོ་སེང་གེའི་ལུགས་སུ་ཡོར་དན་འཁེལ་བའི་ཤིང་ཚོགས་ཀྱི་ནང་ནས་བྱུང་སྟེ། ཡུལ་བཙན་པོའི་ཐོག་ཏུ་འོང་བར་འགྱུར་གྱིས། ངས་གློ་བུར་དུ་ཁོ་མོའི་ཐད་ལས་བསྐྲད་པར་བྱའི། ངས་འདམས་མཁན་དེ་མོའི་ཐོག་ཏུ་ཇོ་བོར་འཇུག་པར་བྱའོ། ཅི་ལ་ཟེར་ན། ང་ལྟ་བུ་སུ་ཡོད། སུས་ང་ལ་དུས་ར་བྱེད་པར་འགྱུར། ཁོ་བོའི་ཞལ་ངོར་ལྡང་ནུས་པའི་རྫི་བོ་དེ་སུ་ཡིན། ༤༥ དེའི་དོན་དུ་ཡ་ཧོ་ཝཱས་བཱ་བེལ་གྱི་ཆེད་དུ་བརྩམས་པའི་བྱུས་དང་། ཀལ་དཱི་པའི་ཡུལ་གྱི་དོན་དུ་མཛད་པའི་ཐུགས་ཀྱི་དགོངས་པ་རྣམས་ལ་ཉོན་དང་། ཁྱུ་ནང་གི་ཆུང་ཤོས་དག་དེ་དག་གིས་འདྲུད་ཅིང་འདོན་པ་ཤ་སྟག་སྟེ། དེས་དེ་དག་གི་རྩྭ་ཁ་ནི་དེ་དག་ལ་ཧོན་འཁྱོར་འཇུག་པར་ངེས་སོ། ༤༦ བཱ་བེལ་ལྟུང་བའི་སྒྲས་ས་གཞི་འདར། དེ་དག་གི་ངུ་སྐད་མི་རིགས་སོ་སོའི་ནང་ན་ཐོས་པར་གྱུར་ཏོ༎