༤༩
ཨམ་མོན་གྱི་བུ་བརྒྱུད་ཀྱི་ཆེད་དུ་ཡ་ཧོ་ཝཱས་འདི་སྐད་གསུང་། ཨིས་ར་ཨེལ་ལ་བུ་རྣམས་མེད་དམ། དེ་ལ་ཕ་ཤུལ་འཛིན་པ་གང་ཡང་མེད་དམ། དེ་ནས་ཅིའི་ཕྱིར་དུ་མིལ་ཀོམ་གྱིས་གད་ལ་བདག་ཏུ་བྱས་ཏེ། དེའི་མི་སྡེས་ཁོའི་གྲོང་ཁྱེར་རྣམས་ན་གཞིས་བཟུང་།  དེ་བས་ན། ཀྱེ་ཧོ། ངས་ཨམ་མོན་པའི་བུ་རྣམས་ཀྱི་རབ་བཱའི་ནང་དུ་དམག་འཐབ་ཀྱི་ཡོ་ལངས་འབྱུང་དུ་འཇུག་པ་དང་། ཡུལ་གོག་ཏུ་འགྱུར་བའི་ཉིན་མོ་རྣམས་འབྱུང་གིན་གདའ། དེ་ནས་དེའི་བུ་མོ་རྣམས་མེས་འཚིག་པར་འགྱུར་བའི་ཚེ། དེའི་ཤུལ་འཛིན་ཡིན་པའི་ཨིས་ར་ཨེལ་གྱིས་བདོག་པར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་ངོ་།  ཀྱེ་ཧེས་བོནཨ་ཨི་བཤིག་པས། འོ་དོད་ཐོང་ཞིག རབ་བཱའི་བུ་མོ་རྣམས་ངུས་ཤིག རྩྭ་ཕད་དཀྲིས་ཏེ་མྱ་ངན་བྱོས་ཤིག གྱང་སྐོར་གྱི་བར་ན་ཕན་ཚུན་རྒྱུགས་ཤིག དེ་ཅིའི་ཕྱིར་ཞེ་ན། མིལ་ཀོམ་རང་གི་བླ་མ་རྣམས་དང་། སྐུ་དྲག་དང་བཅས་སུ་བཙོན་དུ་ཆས་པར་འགྱུར་རོ།  རང་གི་ལུང་པ་གཤིན་པོའམ། ཕུ་རྣམས་ཀྱི་ཕྱིར་ཁྱོད་ཀྱིས་ཅི་ལ་ངོམ་སྟོན། ངའི་ཐད་དུ་སུ་སླེབ་པར་ནུས་ཟེར་ཞིང་། རང་གི་བང་མཛོད་རྣམས་ལ་བློ་བཏད་བྱས་པའི་ཀྱེ་བུ་མོ་ངོ་ལོག་མ།  ལྟོས་ཤིག དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཁྱོད་ཀྱི་ཕྱོགས་བཞིར་ཡོད་པ་ཀུན་གྱི་ཕྱོགས་ལས་ཁྱོད་ཀྱི་ཐོག་ཏུ་འཇིགས་པ་དྲངས་ནས། ཁྱོད་རེ་རེ་བཞིན་ཤར་རེ་སྐྲོད་པར་འགྱུར་བ་དང་། སུས་ཀྱང་འཁྱམ་པ་དེ་མི་བསྡུ།  འོན་ཀྱང་ཕྱིས་སུ་སླར་ཡང་ཨམ་མོན་གྱི་བུ་བཙོན་དུ་འཛིན་པ་རྣམས་ཕྱིར་ལོག་འདྲེན་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་།
 ཨེ་དོམ་གྱི་ཆེད་དུ་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་།
ཐེ་མན་ནང་ཤེས་རབ་ཡོངས་སུ་མ་ལུས་སམ། མི་མཛངས་པ་རྣམས་ཀྱི་བྱུས་ཟད་སོང་ངམ། དེ་དག་གི་རིག་པ་ཡལ་སོང་ངམ།  ཀྱེ་དེ་དཱན་པ་རྣམས་བྲོས་ཤིག རྒྱབ་ལོག་ཅིག་དང་། སྦུགས་སུ་གནས་པར་བྱོས། དེ་ཅིའི་ཕྱིར་ཞེ་ན། ངས་དེ་ལ་ཆད་པས་གཅོད་དུས་སུ། ཨེ་སབ་ཀྱི་ཉོན་མོངས་པ་དེ་ཁོ་རང་གི་ཐོག་ཏུ་འབེབས་པར་བྱའོ།  ཇི་སྟེ་ཁྱོད་ཀྱི་མདུན་དུ་རྒུན་འབྲུམ་འཐུ་མཁན་འོང་ན། འཐུན་བུ་ཅིའང་མི་འབོར་རམ། ཡང་གལ་ཏེ་མཚན་མོར་རྐུན་མ་འོང་ན། དེ་དག་མ་ཚིམ་པའི་བར་དུ་རྐུའམ། ༡༠ འོན་ཀྱང་ངས་ཨེ་སབ་སྒྲེན་མོར་བྱས་ཏེ། ངས་དེའི་གསང་བའི་གནས་རྣམས་ཀྱི་ཡོལ་བ་མེད་པར་བྱས་ཏེ། དེས་རང་སྦ་བར་མི་ནུས། དེའི་བུ་བརྒྱུད་དང་། སྤུན་དང་། ཁྱིམ་མཚེས་དང་བཅས་སུ་མེད་པར་གྱུར་ནས། དེ་ལུས་པར་མི་འགྱུར། ༡༡ ཁྱོད་ཀྱི་དྭ་ཕྲུག་རྣམས་བོར་ཞིག་དང་། ངས་དེ་དག་གསོན་པོར་འཇོག་ཅིང་། ཁྱོད་ཀྱི་མོ་རང་མོ་རྣམས་ཁོ་བོར་བློ་གཏོད་དུ་ཆུག ༡༢ གང་ལ་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། ཕོར་པ་ལས་འཐུང་མི་རུང་བ་དག་གིས་ཅི་ནས་ཀྱང་འཐུང་དགོས། ཁྱོད་ཆད་པས་མ་བཅད་པར་འབུད་པར་འགྱུར་རམ། ཁྱོད་ཆད་པས་མ་བཅད་པར་མི་འབུད་ཀྱིས། ངེས་པར་དེ་ལས་འཐུང་བར་འགྱུར། ༡༣ དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དཔང་དུ་བཞག་ནས་མནའ་བསྐྱལ་བས་ན། བོས་རཱ་ནི་ཧོན་འཁྱོར་བ་དང་། སྐུར་པ་དང་། སྟོངས་པ་དང་། གླུད་དུ་དང་། དེའི་གྲོང་ཁྱེར་ཐམས་ཅད་དུས་གཏན་གྱི་ཕྱིར་སྟོངས་ནས་ལུས་པར་འགྱུར་རོ། ༡༤ ངས་ཡ་ཧོ་ཝཱ་ལས་གསུང་འཕྲིན་ཞིག་ཐོས་ཏེ། མི་རིགས་པ་རྣམས་ཀྱི་དཀྱིལ་དུ་ཕོ་ཉ་ཞིག་མངགས་ཤིང་དེ་དག་ལ། ཁྱོད་ཅག་ཚོགས་ཤིང་འདུས་ཤིག དེའི་ཕྱོགས་སུ་དམག་འདྲེན་ཞིག འཐབ་མོར་ལོངས་ཤིག་ཅེས་སྦྲན་པ་ཡིན། ༡༥ དེ་ཅིའི་ཕྱིར་ཞེ་ན། ལྟོས་ཤིག ངས་ཁྱོད་མི་རིགས་ཀུན་གྱི་ནང་ན་ཆུང་ངུར་བྱས་ཏེ། མིའི་ཁྲོད་དུ་ཁྱོད་ཁྱད་དུ་སད་ཟིན། ༡༦ ཁྱོད་རང་གི་ངར་དང་། རང་གི་སྙིང་གི་ང་རྒྱལ་གྱིས་ཁྱོད་བསླུས་སོ། ཀྱེ་བྲག་སྲུབ་རྣམས་ན་གནས་ཤིང་། རིའི་མཐོ་ས་འཛིན་པ་ཁྱོད། ཇི་སྟེ་ཁྱོད་ཀྱིས་རང་གི་ཚང་བྱ་རྒོད་ལྟར་མཐོ་སར་བྱེད་ནའང་། ངས་དེ་ནས་ཀྱང་ཁྱོད་ཐུར་དུ་དབབ་བོ། ཞེས་ཡ་ཧོ་ཝཱས་གསུང་། ༡༧ ཡང་ཨེ་དོམ་ཧོན་འཁྱོར་བའི་གནས་སུ་གྱུར་ཏེ། དེའི་ཐད་ལས་འདོང་བ་ཐམས་ཅད་ཧོན་འཁྱོར་བར་གྱུར་ཏེ། དེའི་རིམས་ནད་ཀུན་གྱི་ཕྱིར་ཐིའུ་ཐིའུ་ཟེར་བར་འགྱུར། ༡༨ སོ་དོམ་དང་གོ་མོ་རཱ་དང་། དེ་གཉིས་ཀྱི་མཐའ་འཁོར་གྱི་གྲོང་ཁྱེར་རྣམས་དང་བཅས་སུ་ཁ་འབུབ་ཏུ་བཏང་བའི་ཚུལ་དུ། དེར་ཡང་མི་གང་ཡང་མི་གནས་ཏེ། མིའི་བུ་སུའང་དེར་གཞིས་བཟུང་བར་མི་འགྱུར། ཞེས་ཡ་ཧོ་ཝཱས་གསུང་།
༡༩ ལྟོས་ཁོ་སེང་གེའི་ལུགས་སུ་ཡོར་དན་འཁེལ་བའི་ཤིང་ཚོགས་ཀྱི་ནང་ནས་བྱུང་སྟེ། ཡུལ་བཙན་པོའི་ཐོག་ཏུ་འོང་བར་འགྱུར་གྱིས། ངས་ཁོ་བློ་བུར་དུ་ཁོ་མོའི་ཐད་ལས་བསྐྲད་པར་བྱ་སྟེ། ངས་འདམས་མཁན་དེ་མོའི་ཐོག་ཏུ་ཇོ་བོར་འཇུག་པར་བྱའོ། ཅི་ལ་ཟེར་ན། ང་ལྟ་བུ་སུ་ཡོད། སུས་ང་ལ་དུས་ར་བྱེད་པར་འགྱུར། ཁོ་བོའི་ཞལ་ངོར་ལྡང་ནུས་པའི་རྫི་བོ་དེ་སུ་ཡིན། ༢༠ དེའི་དོན་དུ་ཡ་ཧོ་ཝཱས་ཨེ་དོམ་གྱི་ཆེད་དུ་བརྩམས་པའི་བྱུས་དང་། ཐེ་མན་པའི་དོན་དུ་མཛད་པའི་ཐུགས་ཀྱི་དགོངས་པ་རྣམས་ལ་ཉོན་ཞིག ཁྱུ་ནང་གི་ཆུང་ཤོས་དག་དེ་དག་གིས་འདྲུད་ཅིང་འདོན་པ་ཤ་སྟག་སྟེ། དེས་དེ་དག་གི་རྩྭ་ཁ་ནི་དེ་དག་ལ་ཧོན་འཁྱོར་འཇུག་པར་ངེས་སོ། ༢༡ དེ་དག་ལྟུང་བའི་སྒྲས་ས་གཞི་འདར། དེ་དག་གི་ངུ་སྐད་རྒྱ་མཚོ་དམར་པོའི་བར་དུ་ཡང་ཐོས། ༢༢ ཀྱེ་ཧོ། ཁོ་ཡར་འཛེགས་ཏེ། གོ་བོ་ལྟར་འཕུར་ཞིང་། ཤོག་སྒྲོས་བོས་རཱ་སྟེང་ནས་གཡོག་པར་བྱ། ཡང་ཉིན་མོ་དེར་ཨེ་དོམ་གྱི་དཔའ་བོའི་སྙིང་ནི་སྐྱེ་གཟེར་ཐེབས་པའི་བུད་མེད་ཀྱི་སྙིང་དང་འདྲ་བར་འགྱུར་བར་འགྱུར་རོ༎
༢༣ ད་མཱ་སེག་གི་ཆེད་དུ་ནི།
ཧ་མད་དང་ཨར་ཕད་ཐོམས་པར་གྱུར་ཟིན། གང་ལ་ཞེ་ན། དེ་དག་གིས་ལོན་ངན་ཐོས་པས། དཔའ་ཁུམས་ནས། ཞི་བར་མི་ནུས་པའི་རྒྱལ་མཚོ་ལྟར་འཁྲུགས་སོ། ༢༤ ད་མཱ་སེག་རྒུད་དེ། འབྲོས་སུ་ཁ་ལོ་བསྒྱུར་ནས། བུད་མེད་ཀྱི་སྐྱེ་གཟེར་འདྲར་ཟུག་གཟེར་དང་སྡུག་བསྔལ་རྣམས་ཀྱིས་བཟུང་། ༢༥ སྟོད་སྒྲ་འཁྱིལ་ལེ་བའི་གྲོང་ཁྱེར་རམ། ངའི་བདེ་སྐྱིད་ཀྱི་གྲོང་ཁྱེར་ལས་མི་རྣམས་ཅི་ལ་མ་བྲོས། ༢༦ དེས་ན་དེའི་དར་ལ་བབ་པ་རྣམས་དེའི་ལམ་སྲང་དག་ནང་ལྕར་རེ་དང་། དམག་གི་སྐྱེ་བོ་ཀུན་ཉིན་མོ་དེར་གཏུབ་པར་འགྱུར་རོ། ཞེས་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་གསུང་། ༢༧ ཡང་ངས་ད་མཱ་སེག་གི་ལྕགས་རིར་མེ་སྦར་བ་དང་། དེས་བེན་ཧ་དད་ཀྱི་ཕོ་བྲང་རྣམས་སྲེག་པར་འགྱུར་རོ༎
༢༨ ཀེ་དར་གྱི་ཆེད་དུ་དང་། བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་བཅག་པའི་ཧ་ཙོར་གྱི་རྒྱལ་པོ་རྣམས་ཀྱི་ཆེད་དུ་ཡ་ཧོ་ཝཱས་འདི་སྐད་གསུང་།
ད་ལོངས་ལ་ཀེ་དར་ལ་དམག་ཐེགས་ཤིག ཤར་ཕྱོགས་པ་རྣམས་སྣུབ་པར་བྱོས་ཤིག ༢༩ དེ་དག་གིས་དེ་རྣམས་ཀྱི་གུར་དང་ཁྱུ་རྣམས་འཁྱེར་ཞིང་། དེ་དག་རང་གི་དོན་དུ་དེ་དག་གི་ཡོལ་བ་དང་། ཡོ་བྱད་ཚང་མ་དང་། རྔ་མོང་རྣམས་འཁྱེར་བར་འགྱུར། ཕྱོགས་ཀུན་ཏུ་འཇིགས་པ་ཡོད། ཅེས་ཁོ་རྣམས་ལ་འབོད་པར་འགྱུར་རོ། ༣༠ ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧ་ཙོར་པ་རྣམས། བྲོས་ཤིང་། རྒྱང་རིང་པོར་རྒྱུ་ཞིག ཁུང་ནང་སྡོད་ཅིག དེ་ཅིའི་ཕྱིར་ཞེ་ན། བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ཁྱོད་ལ་གནོད་པའི་བྱུས་དང་། ཁྱོད་ལ་རྒོལ་བའི་བསམ་སྦྱོར་བྱས་ཡོད་པའི་ཕྱིར་རོ། ༣༡ རྒྱ་སྒོའམ་སྒོ་གཏན་རྣམས་མེད་པའི་ཤ་ཚ་མེད་པར་གཅིག་པུར་གནས་ཏེ་སེམས་ལྷོད་ཀྱིས་ཡོད་པའི་མི་བརྒྱུད་ལ་དམག་དྲོངས་ཤིག ཅེས་ཡ་ཧོ་ཝཱས་གསུང་། ༣༢ དེ་དག་གི་རྔ་མོང་རྣམས་འཕྲོག་ནོར་དང་དེ་དག་གི་དུད་འགྲོ་མང་པོ་དེ་ནོམ་པར་འགྱུར། ཡང་རལ་པའི་ཟུར་བཀྲུམས་པ་རྣམས་ངས་ཕྱོགས་བཞིའི་རླུང་གི་ནང་དུ་གཏོར་ཞིང་། དེ་དག་གི་ཕྱོགས་ཀུན་ནས་དེ་རྣམས་བཀྲ་མི་ཤིས་པ་དེ་འདྲེན་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་། ༣༣ དེ་ནས་ཧ་ཙོར་ནི་དུར་སྤྱང་གི་གནས་སར་གྱུར་ཏེ། དུས་རྟག་ཏུ་སྟོངས་ནས། མི་སུའང་དེ་རུ་མི་གནས་པར། མིའི་བུ་གང་ཡང་དེར་གཞིས་འབེབས་པར་མི་འགྱུར་རོ༎
༣༤ ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱས་སྲེད་སྐྱོང་བའི་ཐོག་མར་ཨེ་ལམ་གྱི་ཆེད་དུ་ཡེ་རེམ་ཡཱར་ཡ་ཧོ་ཝཱ་ལས་བྱུང་བའི་བཀའ་མཆིད་ནི་འདི་ལྟ་སྟེ།
༣༥ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་སྡོད། ངས་ཨེ་ལམ་གྱི་གཞུ་མོའམ་དེའི་མཐུ་སྟོབས་ཀྱི་མགོ་དེ་གཅག ༣༦ ཡང་ངས་ནམ་མཁའི་ཕྱོགས་བཞི་ནས་རླུང་བཞི་པོ་ཨེ་ལམ་གྱི་ཐོག་ཏུ་དྲངས་ནས། རླུང་དེ་དག་གི་ཐད་དུ་འཐོར་བར་བྱ་བ་དང་། ཨེ་ལམ་པའི་མི་འཁྱམ་སྤྲང་པོ་རྣམས་མ་སླེབ་པའི་མི་བརྒྱུད་གང་ཡང་ཡོད་པར་མི་འགྱུར་རོ། ༣༧ ཡང་ངས་ཨེ་ལམ་པ་རང་གི་ཕ་རོལ་པ་དང་། དེ་དག་གི་སྲོག་ལ་བརྔམས་པའི་ངོར་འཇིགས་སུ་གཞུག ཡང་དེ་དག་གི་ཐོག་ཏུ་རྐྱེན་ངན་དང་། ཁོ་བོའི་ཁྲོ་གཏུམ་དྲག་པོ་དེ་དབབ་བོ། ཞེས་ཡ་ཧོ་ཝཱས་གསུང་། ཡང་ངས་དེ་རྣམས་ཚར་མ་བཅད་པའི་བར་དུ་དེ་དག་གི་རྒྱབ་ཏུ་རལ་གྲི་གཏད་དོ། ༣༨ ཡང་ངས་ཉིད་ཀྱི་རྒྱལ་ཁྲི་ཨེ་ལམ་གྱི་ནང་དུ་བརྒྱབ་སྟེ། དེའི་ནང་ནས་རྒྱལ་པོ་དང་སྐུ་དྲག་རྣམས་སྣུབ་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་།
༣༩ འོན་ཀྱང་དུས་ཕྱི་ཞིག་ན་ངས་སླར་ཡང་ཨེ་ལམ་གྱི་བཙོན་གྱི་ལུགས་དེ་མེད་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎