༤༨
མོ་ཨབ་ཀྱི་ཆེད་དུ་དཔུང་ཆེན་གྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་།ནེ་བོ་ནི་བཀྲ་མ་ཤིས་པར་སྟོངས། ཁིར་ཡད་ཨ་ཨིམ་ནི་ངོ་ཚ་བར་གྱུར་ཏེ་ཕྲོགས། མཐོ་རྫོང་ནི་སྐྱེངས་སུ་བཅུག་སྟེ་བཅག ༢ སླར་མོ་ཨབ་ལ་བསྟོད་པར་མི་འགྱུར། ཧེས་བོན་ནང་དེ་དག་གིས། ཚུར་ཤོག མི་བརྒྱུད་ཅིག་ཏུ་མི་ལུས་པའི་ཕྱིར་དེ་མེད་པར་བྱའོ། ཞེས་དེའི་ཕྱིར་གྲོས་ངན་བྱས། ཀྱེ་མད་མེན། ཁྱོད་ཀྱང་གཏུབ་ཅིང་རལ་གྲིས་ཁྱོད་ལ་འདེད་པར་འགྱུར། ༣ ཧོ་རོ་ན་ཨིམ་ནང་དུ་ངུ་སྐད་ཅིག་བྱུང་། འཇོམས་པ་དང་འཇིགས་པ་ཆེན་པོ་གདའ། ༤ མོ་ཨབ་བཤིག་སྟེ། དེའི་བྱིས་པ་རྣམས་ཀྱི་ངུ་སྐད་ཐོས་སོ། ༥ དེ་ཅིའི་ཕྱིར་ཞེ་ན། ལུ་ཧིད་ཀྱི་གྱེན་འཛེགས་ལས་དེ་དག་ཆད་མེད་ངུ་ཞིང་འཛེགས་པར་འགྱུར། ཅི་ལ་ཟེར་ན། ཧོ་རོ་ན་ཨིམ་གྱི་ཐུར་འབབ་ཏུ་དེ་དག་གིས་འཇིགས་བྱེད་ཀྱི་ངུ་སྐད་ཡི་མུག་པ་ཞིག་ཐོས། ༦ བྲོས་ཤིག རང་སྲོག་སྐྱོབས་ཤིག འབྲོག་སྟོང་གི་སྐྱེ་ཤིང་ཨ་རར་ལྟ་བུར་གྱུར་ཅིག ༧ དེ་ཅིའི་ཕྱིར་ཞེ་ན། ཁྱོད་རང་གི་ལས་དང་། རང་གི་གཏེར་མཛོད་རྣམས་ལ་བློ་གདེང་བྱེད་པའི་རྐྱེན་གྱིས། ཁྱོད་ཀྱང་འཛིན་པར་འགྱུར་ཏེ། ཀེ་མོས་ནི་རང་གི་བླ་མ་དང་སྐུ་དྲག་རྣམས་དང་ཐབས་ཅིག་ཏུ་བཙོན་དུ་ཆས་པར་འགྱུར། ༨ ཡང་ཡ་ཧོ་ཝཱའི་གསུང་བཞིན་དུ། བཤིག་མཁན་དེ་གྲོང་ཁྱེར་རེ་རེར་འོང་ཞིང་། གྲོང་ཁྱེར་གང་ཡང་མ་ཐར་བར། ལུང་པའང་སྟོངས་ཤིང་། ཐང་གའང་གཞིག་གོ།
༩ མོ་ཨབ་ལ་འཕུར་ཞིང་རང་གི་ལམ་དུ་ཞུགས་པའི་ཕྱིར་ཤོག་པ་ཐོང་ཞིག དེ་ཅིའི་ཕྱིར་ཞེ་ན། གཞིས་པ་གཅིག་ཀྱང་མེད་པ་ཙམ་དུ་དེའི་གྲོང་ཁྱེར་རྣམས་སྟོངས་པར་འགྱུར། ༡༠ ཡ་ཧོ་ཝཱའི་ལས་ལེ་ལོས་བྱེད་མཁན་ནི་མི་གླུད་དུ་གྱུར་ཅིག སྲོག་གཅོད་ལས་རང་གི་རལ་གྲི་འཐེན་པར་བྱེད་མཁན་དེ་མི་གླུད་དུ་གྱུར་ཅིག
༡༡ མོ་ཨབ་ནི་ན་སོ་ཆུང་དུས་ནས་སྐྱིད་པོར་བསྡད་དེ། ཁོ་རང་གི་ནེ་རེའི་ཁར་གནས་ཏེ། ཡོ་བྱད་ནས་ཡོ་བྱད་ནང་དུའང་མ་སྲས། བཙོན་དུའང་མ་ཕྱིན་པས། དེའི་བྲོ་བ་དེ་ནང་ལུས་ཏེ། དེའི་དྲི་ཡལ་བར་མ་གྱུར་མོད། ༡༢ ད་ཡ་ཧོ་ཝཱས་འདི་སྐད་དུ། ངས་དེའི་རྩར་འཕོ་བར་བྱ་བའི་འཕོ་མཁན་དག་གཏང་བ་དང་། དེ་དག་གིས་དེའི་ཡོ་བྱད་རྣམས་བསྲས་ཏེ། བུམ་པ་རྣམས་སིལ་བུར་གཅོག་པར་བྱ་བའི་ཉིན་མོ་ལ་འབབ་ཀྱིན་འདུག ༡༣ དེ་ནས་ཇི་ལྟར་ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱིས་བེད་ཨེལ་ལ་བློ་གདེང་བཅོལ་ཞིང་ངོ་ཚ་བར་གྱུར་པ་བཞིན་དུ། མོ་ཨབ་ཀྱང་ཀེ་མོས་ཀྱིས་རྐྱེན་ཏེ་ངོ་ཚ་བར་འགྱུར། ཅེས་གསུང་ངོ་༎
༡༤ ཁྱོད་ཀྱིས་ངེད་ཅག་ནི་མི་དཔའ་བོ་དང་། འཐབ་མོར་རྒོད་པོ་ལགས་སོ་ཅི་ལ་ཟེར། ༡༥ མོ་ཨབ་བཅོམ་སྟེ། དེའི་གྲོང་ཁྱེར་རྣམས་དུད་བྱུར་རེ་སྟེང་དུ་ཡལ་ཏེ། དེའི་དར་མ་འདམ་པ་རྣམས་གསོད་གཅོད་ཕྱིར་གྱེལ་ཏོ། ཞེས་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱའི་མཚན་མངའ་བའི་རྒྱལ་པོས་གསུང་ངོ་༎
༡༦ མོ་ཨབ་ཀྱི་རྐྱེན་ངན་འབྱུང་དུ་ཉེ་སྟེ། དེའི་སྡུག་བསྔལ་ནི་རྒྱུག་བཞིན་འོང་གིན་གདའ། ༡༧ དེའི་ཉེ་འདབ་ན་ཡོད་པ་ཁྱོད་ཀུན་དེའི་ཕྱིར་ཚེར་ལ། དེའི་མིང་ཤེས་པ་ཐམས་ཅད་ཀྱིས་སྲ་བའི་དབྱུག་པའམ། མཛེས་པའི་འཁར་བ་དེ་ཇི་ལྟར་ཆག་བྱུང་ཟེར་ཞིག ༡༨ ཀྱེ་དི་བོན་ན་གནས་པའི་བུ་མོ། ཁྱོད་རང་གི་དཔལ་ལས་མར་བོབས་ཤིག ཁ་སྐོམ་གྱིན་སྡོད་ཅིག དེ་ཅིའི་ཕྱིར་ཞེ་ན། མོ་ཨབ་བཤིག་མཁན་དེ་ཁྱོད་ཀྱི་ཐོག་ཏུ་འོངས། ཁྱོད་ཀྱི་རྫོང་རྣམས་འཇིག་པར་བྱེད། ༡༩ ཀྱེ་ཨ་རོ་ཨེར་པ། རྒྱ་ལམ་ཁར་ལངས་ཏེ་ལྟོས་ཤིག འབྲོས་མཁན་དང་། ཐར་པར་གྱུར་པའི་མོ་ལ་ཅི་བྱས་པ་ཡིན། ཞེས་དྲིས་ཤིག
༢༠ མོ་ཨབ་ངོ་ཚ་རུ་བཅུག འོ་ན། དེ་ཆག་སོང་། ཀུ་སྒྲ་དང་ངུ་སྐད་ཐོང་ཞིག མོ་ཨབ་བཤིག་ཚར། ཞེས་ཨར་ནོན་གྱི་ནང་དུ་སྐད་རྒྱོབ་ཅིག ༢༡ སྒང་གི་ཡུལ་དང་། ཧོ་ལོན་དང་། ཡ་ཧཱས་དང་། མེ་ཕ་ཨད་དང་། ༢༢ དི་བོན་དང་། ནེ་བོ་དང་། བེད་དིབ་ལཱ་ཐ་ཡིམ་དང་། ༢༣ ཁིར་ཡད་ཨ་ཨིམ་དང་། བེད་ག་མུལ་དང་། བེད་མེ་ཨོན་དང་། ༢༤ ཁེར་ཡོད་དང་། བོས་རཱ་དང་། མོ་ཨབ་ཡུལ་ཁམས་སུ་ཐག་རིང་ངམ་ཉེ་བར་ཡོད་པའི་གྲོང་ཁྱེར་ཀུན་དང་བཅས་པ་ལ་ཁྲིམས་འཕོག་པར་འགྱུར་ཏེ། ༢༥ མོ་ཨབ་ཀྱི་རུ་བ་བཅད་དེ། དེའི་ཕྲག་པ་བཅག་ཟིན་ཏོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༢༦ ཁོས་ཡ་ཧོ་ཝཱའི་ཞལ་ངོར་རློམ་སེམས་བསྐྱེད་པས་ན། ཁྱོད་ཅག་གིས་དེ་བཟི་རུ་ཆུག་ཅིག མོ་ཨབ་རང་གི་སྐྱུག་པའི་ནང་དུ་འགྲེ་ལྡོག་བྱེད་ཅིང་སྐུར་ཀླན་དུ་འགྱུར་བར་འགྱུར་རོ། ༢༧ དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་ཡང་ཁྱོད་ཀྱི་མདུན་དུ་སྐུར་ཀླན་དུ་མ་གྱུར་ཏམ། དེ་རྐུན་མའི་ཁྲོད་ལས་ཐོབ་པ་ཡིན་ནམ། ཅི་ལ་ཟེར་ན། ཁྱོད་ཀྱིས་དེའི་མིང་བརྗོད་རིམ་གྱིས་མགོ་དབྱུག་པར་བྱེད།
༢༨ ཀྱེ་མོ་ཨབ་པ་རྣམས། གྲོང་ཁྱེར་རྣམས་སྤོངས་ལ། བྲག་གསེབ་ཏུ་སྡོད་ཅིག་དང་། འབའ་བོའི་ཁ་ཟུར་དུ་ཚང་བྱེད་པའི་ཕུག་རོན་ལྟ་བུར་གྱུར་ཅིག ༢༩ ངེད་ཅག་གིས་མོ་ཨབ་ནི་ཚོད་མེད་ང་རྒྱལ་ཅན་ལགས་པའི་ང་རྒྱལ་དང་། དེའི་རང་མཐོང་དང་། ཕོ་སོ་དང་། དེའི་སྙིང་གི་ང་རྒྱལ་ཐོས་བྱུང་། ༣༠ ང་ལ་དེའི་ཁྲོ་གཏུམ་གྱི་ཆ་ཡོད་དོ། ཞེས་ཡ་ཧོ་ཝཱས་གསུང་། དེ་ནི་ཅིའང་མིན་ཏེ། དེའི་ཆེ་ཐབས་ཀྱིས་ཅིའང་མ་གྲུབ་བོ། ༣༡ དེ་བས་ན་ངས་མོ་ཨབ་ཀྱི་དོན་དུ་འོ་དོད་དང་། མོ་ཨབ་ཐམས་ཅད་ཀྱི་ཆེད་དུ་ངུ་སྐད་འདོན་པར་བྱ་ཞིང་། ཀིར་ཧ་རེ་ཤེད་ཀྱི་མི་རྣམས་ཀྱི་སླད་དུ་མྱ་ངན་འབྱུང་བར་འགྱུར། ༣༢ ཀྱེ་སིབ་མཱའི་རྒུན་ཤིང་། ངས་ཡ་ཟེར་གྱི་ངུ་ལུགས་ལས་ལྷག་པར་ཁྱོད་ཀྱི་དོན་དུ་ངུ་བར་བྱ། ཁྱོད་ཀྱི་ཡལ་ག་རྣམས་རྒྱ་མཚོའི་ཕ་རོལ་ཏུ་རྒྱས་ཏེ། ཡ་ཟེར་གྱི་རྒྱ་མཚོའི་བར་དུ་ཡང་རྒྱས་མོད། ཁྱོད་ཀྱི་དབྱར་ཀའི་འབྲས་བུ་དང་། འཐུ་རན་པའི་ཐོག་ཏུ་འཇོམས་པར་བྱེད་མཁན་ལྕེབ་པས་ན། ༣༣ དགའ་མགུ་དང་བདེ་སྐྱིད་ནི་ཤིང་ཏོག་ལྡན་པའི་ཞིང་ཁའམ། མོ་ཨབ་ཀྱི་ཡུལ་ཁམས་ལས་ཕྲལ་བར་བྱས། ངས་དེའི་རྒུན་གྱི་འཆག་གཞོང་རྣམས་ལས་རྒུན་ཆང་མེད་པར་བྱས་ཏེ། སུས་ཀྱང་ལས་སོའི་སྐད་གཏོང་གིན་རྒུན་འཆག་པར་མི་བྱ་སྟེ། དེ་དག་གི་ལས་སོ་ནི་ལས་སོ་ལ་འགྱུར་མི་འོང་། ༣༤ ཧེས་བོན་ངུ་བ་ལས། ཨེ་ལེ་ཨ་ལེ་མ་ཟད། ཡ་ཧཱས་བར་དུ་དང་། ཚོ་ཨར་ནས་ཧོ་རོ་ན་ཨིམ་མ་ཟད། ཨེག་ལད་ཤེ་ལི་ཤི་ཡཱའི་བར་དུ་ཡང་དེ་དག་གིས་ཀུ་ཅོ་ཐེགས་པར་བྱས། དེ་ཅིའི་ཕྱིར་ཞེ་ན། ནིམ་རིམ་གྱི་ཆུ་རྣམས་ཀྱང་སྟོངས་པར་འགྱུར། ༣༥ དེས་མ་ཟད་མཐོ་གླིང་རྣམས་ནང་མཆོད་པ་འབུལ་མཁན་དང་། རང་གི་ལྷ་རྣམས་ལ་བསངས་ཤུག་གཏོང་མཁན་ཡང་ངས་མོ་ཨབ་ཀྱི་ནང་ནས་བར་དུ་གཅད་དོ། ཡ་ཧོ་ཝཱས་གསུང་ངོ་། ༣༦ དེའི་ཕྱིར་ངའི་སྙིང་གིས་མོ་ཨབ་ཀྱི་དོན་དུ་གླིང་བུ་རྣམས་དང་འདྲ་བའི་སྒྲ་དང་། ཀིར་ཧ་རེ་ཤེད་པའི་དོན་དུ་ཕྲེད་གླིང་ལྟ་བུའི་སྐད་འདོན་ནོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་ཡོད་པའི་ལོངས་སྤྱོད་ཟད་སོང་། ༣༧ དེའི་རྒྱུ་ནི། རེ་རེ་བཞིན་སྤྱི་ཐེར་དང་། རེ་རེའི་སྨ་ར་བྲེགས་ཏེ། ལག་པ་ཚང་མ་བཤགས་ཏེ། རྐེད་པར་རྩྭ་ཕད་དཀྲིས་འདུག ༣༨ ཡང་མོ་ཨབ་ཀྱི་ཁང་པའི་ཐོག་ཚང་མ་དང་། དེའི་ལམ་སྲང་ཐམས་ཅད་ཀྱི་ནང་ན་གང་དུའང་མྱ་ངན་ཡོད་དོ། དེ་ཅིའི་ཕྱིར་ཞེ་ན། ངས་མོ་ཨབ་ནི་མི་འདོད་པའི་ཡོ་བྱད་ལྟར་བཅག་པ་ཡིན། ཞེས་ཡ་ཧོ་ཝཱས་གསུང་། ༣༩ དེ་ཇི་ལྟར་ཆག་བྱུང་། དེ་དག་གིས་ཇི་ལྟར་ཆོ་ངེས་བྱེད། མོ་ཨབ་སྐྱེངས་ཏེ་ཇི་ལྟར་བཟློགས། དེ་ལྟར་མོ་ཨབ་ནི་ཉེ་འཁོར་པ་ཚང་མའི་མདུན་དུ་འོ་ཤོ་དང་འཇིགས་པའི་རྒྱུར་འགྱུར་བར་འགྱུར།
༤༠ གང་ལ་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་སྡོད། དེ་ནི་བྱ་རྒོད་ལྟར་འཕུར་ཞིང་། མོ་ཨབ་ནི་དེའི་ཤོག་སྒྲོ་རྣམས་ཀྱིས་འཁེབ་པར་འགྱུར། ༤༡ ཁེར་ཡོད་ནི་ཕྲོགས་ཏེ། རྫོང་རྣམས་ལ་འཛིན་འཆང་བཏང་སྟེ། ཉིན་མོ་དེར་མོ་ཨབ་ཀྱི་དཔའ་བོ་རྣམས་ཀྱི་སྙིང་ནི་སྐྱེ་གཟེར་ཐེབས་པའི་བུད་མེད་ཀྱི་སྙིང་དང་འདྲ་བར་འགྱུར། ༤༢ དེས་ཡ་ཧོ་ཝཱའི་དྲུང་དུའང་རང་ཆེ་བར་བྱས་པའི་རྐྱེན་གྱིས། མོ་ཨབ་མི་བརྒྱུད་གཅིག་ཏུ་མི་ལུས་པ་ཙམ་དུ་འཇིག་པར་འགྱུར་རོ། ༤༣ ཀྱེ་མོ་ཨབ་པ། ཁྱེད་ཀྱི་ཐོག་ཏུ་འཇིགས་པ་དང་། ས་དོང་དང་། རྙིའུ་ཡོད་དོ། ཞེས་ཡ་ཧོ་ཝཱས་གསུང་། ༤༤ གང་འཇིགས་པ་ལས་འབྲོས་པ་དེ་ས་དོང་ནང་ལྟུང་བར་འགྱུར། ཡང་དོང་ལས་ཐོན་པ་དེ་རྙིའུས་འཛིན་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཁོ་བོས་དེའམ་མོ་ཨབ་ཀྱི་ཐོག་ཏུ་ཞིབ་དཔྱོད་བྱ་བའི་ལོ་དེ་དབབ་བོ། ཞེས་ཡ་ཧོ་ཝཱས་གསུང་། ༤༥ བྲོས་པ་རྣམས་ཉམས་ང་ཞིང་། ཧེས་བོན་གྱི་གྲིབ་བསིལ་ན་ལུས། ཅི་ལ་ཟེར་ན། ཧེས་བོན་ལས་མེ་ཞིག་དང་། སི་ཧོན་གྱི་དཀྱིལ་ནས་མེ་ལྕེ་ཞིག་འཐོན་ཞིང་། མོ་ཨབ་ཀྱི་ཟུར་དང་། འཁྲུག་བསྐྱལ་རྣམས་ཀྱི་སྤྱི་བོ་ཟ་བར་བྱས་སོ། ༤༦ ཧའི་ཧའེ། ཀྱེ་མོ་ཨབ། ཀེ་མོས་ཀྱི་མི་རྣམས་འཆིའོ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་བུ་རྣམས་བཙོན་དུ་ཁྱེར་ཏེ། ཁྱོད་ཀྱི་བུ་མོ་རྣམས་ལ་འཛིན་འཆང་བཏང་།
༤༧ དེ་ནས་ཀྱང་། མ་འོངས་པའི་ཉིན་མོ་རྣམས་ན་མོ་ཨབ་ཀྱི་བཙོན་གྱི་གནས་ལུགས་དེ་མེད་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་།
དེ་ཙམ་གྱི་བར་དུ་མོ་ཨབ་ཀྱི་ཁྲིམས་བཅད་པ་ཡིན་ནོ༎