༣
ཡང་ཁོང་གིས་ང་ལ། ཀྱེ་མིའི་བུ། ཁྱོད་ལ་ཐོབ་པ་དེ་ཟོས་ཤིག ཤོག་སྒྲིལ་དེ་ཟོས་ཏེ་སོང་ལ། ཨིས་ར་ཨེལ་གྱི་ཕ་སྤད་ལ་གཏམ་གླེང་གྱིས་ཤིག་ཅེས་གསུངས་པས། ༢ ངས་རང་གི་ཁ་ཕྱེས་པ་ལས། དེས་ང་ལ་ཤོག་སྒྲིལ་དེ་ཟ་རུ་བཅུག་ནས། ༣ ང་ལ། ཀྱེ་མིའི་བུ། ངས་ཁྱོད་ལ་སྟེར་བའི་ཤོག་སྒྲིལ་དེ་རང་གི་ལྟོ་བ་ལ་ཟ་རུ་ཆུག་ཅིག་དང་། དེས་རང་གི་རྒྱུ་མ་སྐེངས་ཤིག་བསྒོ་བས། ངས་དེ་ཟོས་ནས། ངའི་ཁའི་ནང་དུ་སྦྲང་རྩི་ལྟར་མངར་བ་ཡོད་པ་ཡིན།༤ ཡང་དེས་ང་ལ། ཀྱེ་མིའི་བུ། ད་ཨིས་ར་ཨེལ་གྱི་ཕ་སྤད་ཀྱི་མདུན་དུ་སོང་ལ་ངའི་བཀའ་དེ་དག་ལ་སྦྲོན་ཞིག ༥ དེ་ཅི་ལ་ཞེ་ན། ཁྱོད་ནི་སྐད་མི་གཅིག་པའམ། སྐད་དཀའ་བའི་མི་སྡེའི་མདུན་དུ་མི་རྫོང་གིས། ཨིས་ར་ཨེལ་གྱི་ཕ་སྤད་ཀྱི་དྲུང་དུ་རྫོང་སྟེ། ༦ དེ་མ་ཟད། ཁྱོད་ཀྱིས་གོ་བར་མི་ནུས་པའི་སྐད་མི་གཅིག་པའམ། སྐད་བཀའ་བའི་མི་སྡེ་མང་པོའི་རྩར་ཡང་ཁྱོད་མི་གཏོང་ངོ་། གལ་ཏེ་ངས་ཁྱོད་དེ་འདྲའི་རྩར་བཏང་བ་ཡིན་ན། དེ་དག་ཁྱོད་ལ་ཉན་པར་ངེས་སོ། ༧ ཨིས་ར་ཨེལ་གྱི་བུ་བརྒྱུད་ཐམས་ཅད་གཉའ་རེངས་པ་དང་སྙིང་མཁྲེགས་པོ་ཡིན་པས། དེ་དག་གིས་ང་ལ་ཉན་པར་མི་འགྱུར། དེའི་ཕྱིར་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་ཁྱོད་ལ་ཡང་ཉན་པར་མི་འགྱུར། ༨ ལྟོས། ངས་དེ་དག་གི་གདོང་གི་མདུན་དུ་ཁྱོད་ཀྱི་གདོང་པ་ནི་སྲ་བ་དང་། དེ་དག་གི་དཔྲལ་བའི་མདུན་དུ་ཁྱོད་ཀྱི་དཔྲལ་བ་ནི་མཁྲེགས་པོ་བྱས་པ་ཡིན། ༩ ལྕགས་རྡོ་བས་སྲ་བའི་ཕ་ལམ་ལྟར། ཁྱོད་ཀྱི་དཔྲལ་བ་ངས་སྲ་བ་བྱས་པ་ཡིན། དེ་ཚོ་འབངས་གྱེན་ཟློག་བྱེད་པའི་ཕ་སྤད་ཡིན་རུང་། དེ་ཚོ་ལ་མ་འཇིགས་ཤིག དེ་ཚོའི་ངོ་ལ་ཡང་མ་ཚབས་ཤིག ཅེས་གསུངས་ནས།
༡༠ ཡང་དེས་ང་ལ། ཀྱེ་མིའི་བུ། ངས་གླེང་བར་བྱ་བའི་གསུང་ཐམས་ཅད་རང་གི་སྙིང་དུ་ཆོངས་ཤིག རྣ་བས་ཉོན་ཞིག ༡༡ ད་ལོངས་ལ། གཉའ་ཡལ་བའི་ཁྱོད་ཀྱི་མི་སྡེའི་བུ་རྣམས་ཀྱི་མདུན་དུ་སོང་ནས། དེ་ཚོས་ཉན་རུང་མི་ཉན་རུང་། དེ་ཚོ་ལ་གཏམ་གླེང་ཞིང་། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་ངོ་ཞེས་སྨྲོས་ཤིག་གསུང་བྱུང་།
༡༢ དེ་ནས་ཐུགས་ཉིད་ཀྱིས་བདག་སྟེང་ཕྱོགས་སུ་དྲངས་པ་དང་། ཡ་ཧོ་ཝཱའི་ཕོ་བྲང་ལས་སྣང་བའི་ཁོང་གི་གཟི་བརྗིད་ལ་བཀྲ་ཤིས་ཤིག ཅེས་པའི་འུར་སྒྲ་ཆེན་པོ་ཞིག་ཐོས་བྱུང་། ༡༣ གཅིག་གིས་གཅིག་ལ་རེག་པའི་སེམས་ཅན་གྱི་ཤོག་སྒྲ་དང་། དེ་ཚོའི་མདུན་ལ་ཡོད་པའི་འཁོར་ལོ་རྣམས་ཀྱི་སྒྲ་དང་། འུར་སྒྲ་ཆེན་པོའི་ཅ་ཅོ་ངས་ཐོས་པ་ལས། ༡༤ ཐུགས་ཉིད་ཀྱིས་བདག་ཐོགས་ནས། སྟེང་ཕྱོགས་སུ་དྲངས་ནས། ཡ་ཧོ་ཝཱའི་ཕྱག་གིས་བདག་མནན་པས། བདག་ཁ་ཏིག་པ་དང་། ཁྲག་རླུང་གི་ནང་ནས་ཆས་ཏེ། ༡༥ ཀེ་བཱར་གཙང་འགྲམ་དུ་གནས་པའི་གཉའ་ཡལ་རྣམས་ཀྱི་མདུན་དུ་ཐེལ་ཨ་བིབ་བྱ་བར་བསླེབ་ནས། དེ་རྣམས་གནས་པའི་སར་བདག་ཀྱང་བསྡད་དེ། དེ་རྣམས་ཀྱི་ཁྲོད་དུ་ཉི་མ་བདུན་འཐོམ་མེར་བསྡད་པ་ཡིན།
༡༦ དེ་ནས་ཞག་བདུན་གྱི་འོག་ཏུ་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ། ༡༧ ཀྱེ་མིའི་བུ། ངས་ཁྱོད་ནི་ཨིས་ར་ཨེལ་གྱི་ཕ་སྤད་ཀྱི་བྱ་ར་བར་བསྐོས་པས་ན། ངའི་ཞལ་གྱི་གསུང་ལ་ཉན་ཏེ། ངའི་ཕྱོགས་ལས་དེ་དག་ལ་ཟོན་གྱིས་ཤིག་ཟེར། ༡༨ ངས་སྡིག་སྤྱོད་ལ། ཁྱོད་འཆི་བར་ངེས་སོ་གསུང་དུས་སུ། གལ་ཏེ་ཁྱོད་ཀྱིས་ཁོའི་སྲོག་སྐྱོབ་ཏུ་དེ་ལ་དཔང་མ་ཕུད་པར། སྡིག་སྤྱོད་ལ་དེའི་ལམ་ངན་པའི་བརྡ་སྤྲོད་དུ་མ་གླེང་བར། སྡིག་སྤྱོད་དེ་རང་གི་སྡིག་པའི་ནང་དུ་འཆིའི། ཁྱོད་ལ་དེའི་སྲོག་གི་ཁག་ཐེག་འགེལ་བར་བྱའོ། ༡༩ འོན་ཀྱང་ཁྱོད་ཀྱིས་སྡིག་སྤྱོད་ལ་དཔང་ཕུད་ཀྱང་། ཁོ་རང་གི་སྡིག་པ་དང་། ལམ་ངན་པ་ལས་མ་ལོག་ན། ཁོ་རང་གི་མི་དགེ་བའི་ནང་ན་འཆིའི། ཁྱོད་ཀྱིས་རང་སྲོག་སྐྱོབས་པ་ཡིན། ༢༠ ཡང་གལ་ཏེ་ཆོས་དྲང་པོས་རང་གི་ཆོས་དྲང་པོ་དེ་སྤངས་ཏེ། མི་དགེ་བར་སྤྱོད་ན། ངས་དེའི་མདུན་དུ་སླུ་རྡོ་འཇོག་པས། དེ་འཆི་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་དེ་ལ་དཔང་མ་ཕུད་པས། དེ་རང་གི་སྡིག་པའི་ནང་ན་འཆི་བར་འགྱུར་ཏེ། དེས་བྱས་པའི་དྲང་བ་ཉིད་ཀྱི་ལས་རྣམས་ཀྱང་དྲན་པར་མི་བྱའི། ཁྱོད་ལ་དེའི་སྲོག་ཁག་འགེལ་བར་བྱའོ། ༢༡ ཇི་སྟེ་ཁྱོད་ཀྱིས་ཆོས་དྲང་པོ་ལ་སྡིག་པ་མི་བྱེད་དུ་དཔང་ཕུད་ནས། དེས་སྡིག་པ་མི་བྱེད་ན། འཚོ་བར་ངེས་སོ། དེས་དཔང་ཕུད་གོ་བས། ཁྱོད་ཀྱིས་ཀྱང་རང་སྲོག་སྐྱོབས་པ་ཡིན།
༢༢ ཡང་དེ་ན་ཡ་ཧོ་ཝཱའི་ཕྱག་དེ་ངའི་ཐོག་ཏུ་ཡོད་དེ། ཁོང་གིས་བདག་ལ། ལོངས་ལ། ཐང་དུ་སོང་ཞིག་དང་། དེར་ངས་ཁྱོད་དང་གླེང་བར་བྱའོ་ཞེས་བསྒོ་བས། ༢༣ བདག་ལངས་ནས་ཐང་དུ་སོང་བ་དང་། དེ་རུ་བདག་གིས་ཀེ་བཱར་གཙང་འགྲམ་དུ་མཐོང་བའི་གཟི་བརྗིད་དང་འདྲ་བའི་ཡ་ཧོ་ཝཱའི་དཔལ་བརྗིད་མཇལ་བྱུང་བས། བདག་ཁ་འབུབ་ལོག་པ་ཡིན། ༢༤ དེ་ནས་ཐུགས་ཉིད་བདག་ལ་བཞུགས་ནས། བདག་རང་གི་རྐང་པའི་ཁར་བསླངས་ཏེ། གསུང་གླེང་ཞིང་བདག་ལ། རང་ཁྱིམ་དུ་སོང་ནས། སྒོ་བཅད་དེ་ཡིབ་སྡོད་ཅིག ༢༥ ཀྱེ་མིའི་བུ། ལྟོས། མི་ཚོས་ཁྱོད་ལ་བཀྱིག་ཐག་བསྐར་ཏེ། བཀྱིག་ཐག་རྣམས་ཀྱིས་འཁྱིག་པར་འགྱུར་བས་ན། དེ་ཚོའི་ཁྲོད་དུ་མ་ཐོན། ༢༦ དེ་རྣམས་ངོ་ལོག་བྱེད་པའི་ཕ་སྤད་ཡིན་པས། ཁྱོད་དེ་རྣམས་ལ་བཀྱོན་མཁན་མི་ལུས་པའི་ཕྱིར། ཁྱོད་ལྐུགས་པར་འགྱུར་དུ། ངས་ཁྱོད་ཀྱི་ལྕེ་དཀན་ལ་སྦྱོར་བར་བྱའོ། ༢༧ འོན་ཀྱང་ངས་ཁྱོད་དང་གླེང་དུས་སུ། ཁྱོད་ཀྱི་ཁ་འབྱེད་པར་བྱ་བ་དང་། ཁྱོད་ཀྱིས་དེ་ཚོ་ལ། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཐོས་མཁན་ཚོས་ཐོས་ཤིག ཐོས་སྙིང་མེད་པས་མ་ཉན་ཞིག གང་ལ་ཞེ་ན། འདི་ཚོ་ངོ་ལོག་བྱེད་པའི་ཕ་སྤད་ཡིན་པའི་ཕྱིར་རོ༎