༤
ད་ཀྱེ་མིའི་བུ། ཁྱོད་ཀྱིས་རྫ་པག་ཅིག་བླངས་ཏེ། རང་གི་མདུན་དུ་འཇོག་ཅིག་དང་། དེའི་ཁར་གྲོང་ཁྱེར་ཞིག་གམ། ཡེ་རུ་ཤ་ལེམ་གྱི་པར་རྐོས་ཏེ། ༢ དེ་ལ་དམག་སྐོར་ཐོང་། དེའི་ཐད་དུ་རྫོང་རྩིགས་ཤིག སྦ་ར་ཞིག་བཟོས་ཤིག དམག་སྒར་ཕོབ་ཅིག ཕྱོགས་བཞི་ནས་སྐྱོགས་ཀྱི་འཕྲུལ་འཁོར་གྱིས་སྐོར་ཞིག ༣ ཡང་ལྕགས་ཀྱི་སླ་ང་ཞིག་བླངས་ནས། དེ་ལྕགས་རི་ལ་འགྱུར་དུ། ཁྱོད་དང་རྒྱལ་སའི་བར་དུ་སློངས་ཤིག ཡང་དེའི་ཕྱོགས་སུ་ཁྱོད་ཀྱི་གདོང་པ་སྒྱུར་ཞིག དེ་དམག་གིས་བསྐོར་ཏེ། ཁྱོད་དེ་ལ་དམག་སྐོར་མཁན་དུ་འགྱུར་འོང་། དེ་ནི་ཨིས་ར་ཨེལ་གྱི་མི་བརྒྱུད་ལ་ལྟས་སུ་འགྱུར་རོ༎༤ དེ་ནས་ཁྱོད་གཡོན་ཕྱོགས་སུ་ཉལ་ཏེ། ཨིས་ར་ཨེལ་གྱི་ཕ་སྤད་ཀྱི་མི་དགེ་བ་དེ་ཐོགས་པར་བྱོས། ཁྱོད་ཉལ་སྡོད་པའི་ཞག་གི་གྲངས་བཞིན་དུ་དེ་ཚོའི་མི་དགེ་བ་ཐོགས་པར་འགྱུར་རོ། ༥ དེ་དག་གི་མི་དགེ་བའི་ལོ་རྣམས་ཁྱོད་ཐོག་འགེལ་བའི་ཕྱིར་དུ། ངས་དེ་རྣམས་ཉིན་ཞག་སུམ་བརྒྱ་དགུ་བཅུ་རུ་བྱས་པས། འདི་ལྟར་ཁྱོད་ཀྱིས་ཨིས་ར་ཨེལ་གྱི་ཕ་སྤད་ཀྱི་མི་དགེ་བ་རྣམས་ཐོགས་པར་འགྱུར། ༦ ཁྱོད་ཀྱིས་དེ་དག་བསྒྲུབ་པའི་ཚེ་ན། གཡས་ཕྱོགས་སུ་ཉོལ་ཞིག་དང་། ཞག་བཞི་བཅུའི་བར་དུ་ཡ་ཧུ་དཱའི་ཕ་སྤད་ཀྱི་མི་དགེ་བ་ཐོགས་ཤིག ངས་ཁྱོད་ལ་ལོ་རེ་རེའི་ཕྱིར་ཉིན་ཞག་རེ་རེ་བརྩིས་པ་ཡིན། ༧ དེ་ནས་དམག་གིས་བསྐོར་བའི་ཡེ་རུ་ཤ་ལེམ་གྱི་ཕྱོགས་སུ་རང་གི་གདོང་པ་བསྒྱུར་ནས། ཕྲག་པ་བརྫེས་ཏེ། དེ་ལ་གནོད་པའི་ལུང་སྟོན་ཞིག ༨ ཡང་ལྟོས་དང་། ཁྱོད་དམག་གིས་བསྐོར་བའི་ཉིན་མོ་རྣམས་རྫོགས་པར་བྱེད་རིང་བར་དུ། ཁྱོད་ལ་ལོག་མི་སྤོ་བར་སྡོད་པའི་ཕྱིར། ངས་ཁྱོད་ཐོག་བཀྱིག་ཐག་བཞག་གོ།
༩ རང་གི་དོན་དུ་གྲོ་དང་། ནས་དང་། རྒྱ་སྲན་དང་། ཀེར་ཟེ་དང་། ཙེ་ཙེ་དང་། ཆ་བླངས་ཏེ། སྣོད་གཅིག་གི་ནང་དུ་ཆུག་ཅིག ཁྱོད་རང་གི་གཞོགས་ཀྱི་ཁར་ཉལ་བའི་ཞག་རྩིས་བཞིན་དུ། དེ་ལས་བག་ལེབ་བྱོས་ཤིག ཉིན་ཞག་སུམ་བརྒྱ་དགུ་བཅུའི་བར་དུ་ཁྱོད་ཀྱིས་དེ་ལས་ཟ་བར་བྱའོ། ༡༠ ཡང་ཁྱོད་ཀྱིས་ཟ་བའི་ཁ་ཟས་དེ་ཉིན་ཞག་རེ་རེ་ལ་ཤེ་ཀེལ་ཉི་ཤུ་བསྐར་ནས་ཟོས་ཤིག དེ་ནི་དུས་ཚོད་བཞིན་དུ་ཟོས་ཤིག ༡༡ ཁྱོད་ཀྱིས་ཆུ་ལ་ཡང་ཚོད་བྱས་ཏེ། ཧིན་གྱི་དྲུག་ཆ་རེ་འཐུང་ཞིག དེ་ནི་དུས་ཚོད་བཞིན་དུ་འཐུང་ཞིག ༡༢ ཁྱོད་ཀྱིས་ནས་ཕྱེའི་བག་ལེབ་ལྟར་དུ་བཙོས་ནས་ཟོས་ཤིག མིའི་རྟུག་པའི་ནང་དུ་དེ་དག་གི་མདུན་དུ་སྲེགས་ཤིག གསུངས་པ་ལས། ༡༣ ཡ་ཧོ་ཝཱས་ང་ལ། དེ་བཞིན་དུ་ངས་དེ་རྣམས་བསྐྲད་བྱའི་ཕྱི་པའི་མི་བརྒྱུད་རྣམས་ཀྱི་ཁྲོད་དུ། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་རང་གི་མི་གཙང་བ་ཟ་བར་འགྱུར་རོ། གསུངས་པ་དང་། ༡༤ ངས་ཀྱེ་ཧུད། ཡ་ཧོ་ཝཱ་དཀོན་མཆོག གཟིགས་ཤིག ངའི་སེམས་ལ་ནམ་དུ་ཡང་གྲིབ་ཕོག་མ་བྱུང་། ང་ཆུང་ངུ་ནས་ད་ཙམ་གྱི་བར་དུ། ཤའམ། སྤྱང་ཐེ་རེལ་ཞིག་མ་ཟོས། ངའི་ཁའི་ནང་དུ་ཤ་མི་གཙང་བ་ནམ་དུ་ཡང་མ་བསླེབ་པ་ཡིན། ཞེས་གསོལ་པ་དང་། ༡༥ ཁོང་གིས་ང་ལ། ལྟོས། ངས་ཁྱོད་ལ་མི་རྟུག་གི་ཚབ་ཏུ་བ་ལྕི་སྦྱིན་པས། དེའི་ནང་དུ་རང་གི་བག་ལེབ་སྲེགས་ཤིག གསུངས་ནས། ༡༦ ཁོང་གིས་སླར་ཡང་ང་ལ། ཀྱེ་མིའི་བུ། ལྟོས་དང་། ངས་ཡེ་རུ་ཤ་ལེམ་དུ་བག་ལེབ་ཀྱི་གཏེ་དེ་མེད་པར་བྱ། དེ་ནས་དེ་དག་སྣང་བར་སྐྱོ་གིན་བག་ལེབ་ནས་ཟ་ཞིང་། ཆུ་ཐོམ་ཐོམ་སོང་ནས་འཐུང་བར་འགྱུར། ༡༧ དེ་ནི་དེ་ཚོ་ལ་རྒྱགས་ཆད་ཆུ་ཆད་ནས། ལྷན་ཅིག་ཏུ་ཧོན་འཁྱོར་བ་དང་། རང་གི་མི་དགེ་བའི་རྐྱེན་གྱིས་ནུབ་པའི་ཕྱིར་ཡིན་ནོ༎