༥
ཀྱེ་མིའི་བུ་ཁྱོད། གྲི་རྣོ་བ་ཞིག་བློངས་ཤིག སྐྲ་བཞར་གྱི་སྤུ་གྲི་ཞིག་ཐོགས་ཏེ། རང་གི་མགོ་དང་སྨ་ར་བཞར་ཏེ། སྲང་བླངས་ཏེ། སྤུ་དེ་བསྐར་ཏེ་བགོས་ཤིག ༢ དེ་ནས་དེའི་སུམ་ཆ་གཅིག་དམག་གིས་བསྐོར་བའི་དུས་རྫོགས་པའི་ཚེ་ན། རྒྱལ་སའི་དབུས་སུ་མེར་སྲེགས་ཤིག ཡང་སུམ་ཆ་གཅིག་བླངས་ཏེ། གྲི་ཡིས་དེའི་མཐའ་འཁོར་ལ་རྡུངས་ཤིག ཡང་སུམ་ཆ་གཅིག་རླུང་གི་ནང་དུ་ཐོར་ཞིག་དང་། ངས་དེ་དག་གི་ཕྱི་བཞིན་རལ་གྲི་གདེང་ཞིང་བདའ་བར་བྱའོ། ༣ ཡང་དེའི་ནང་ནས་ཉུང་བ་ཞིག་བླངས་ནས། ཐུ་བའི་ནང་དུ་སྡོམས་ཤིག ༤ དེ་ནས་དེའི་ནང་ནས་ཀྱང་འགའ་ཞིག་བླངས་ནས། མེའི་དཀྱིལ་དུ་དབྱུགས་ཏེ། མེས་སྲེགས་ཤིག ཅི་ལ་ཞེ་ན། དེའི་ནང་ནས་ཨིས་ར་ཨེལ་གྱི་ཕ་སྤད་ཐམས་ཅད་ཀྱི་ཁར་འབབ་པའི་མེ་ཞིག་འཐོན་འོང་བར་འགྱུར་རོ༎༥ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། འདི་ནི་ངས་མཐའ་འཁོར་དུ་ཡོད་པའི་མི་བརྒྱུད་རྣམས་ཀྱི་དབུས་སུ་བཞག་པའི་ཡེ་རུ་ཤ་ལེམ་སྟེ། ༦ འོན་ཀྱང་དེས་ནི་མི་བརྒྱུད་སོ་སོ་རྣམས་ལས་ཀྱང་ལྷག་པར། ངའི་བཀའ་ཁྲིམས་རྣམས་ལ་ངོ་ལོག་བྱས་ཏེ། ངའི་སྤྱད་མཚམས་རྣམས་ལ་ཉེ་འཁོར་གྱི་ཡུལ་རྣམས་ལས་ཀྱང་ལྷག་པར་མ་ཉན་ཏོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ངའི་བཀའ་ཁྲིམས་དོར་ཏེ། ངའི་སྤྱད་མཚམས་ཀྱི་ནང་དུ་མ་འགྲུལ་ཏོ༎
༧ དེ་བས་ན་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཉེ་འཁོར་གྱི་མི་བརྒྱུད་རྣམས་ལས་ཀྱང་ཁྱོད་ཅག་གིས་མང་དུ་ངོ་ལོག་བྱས། ངའི་སྤྱད་མཚམས་ཀྱི་ནང་དུའང་མ་འགྲུལ་ཏོ། ངའི་བཀའ་ཁྲིམས་ཀྱང་མ་བསྲུངས་སོ། ཉེ་འཁོར་གྱི་མི་བརྒྱུད་རྣམས་ཀྱི་ཚུལ་ཁྲིམས་ཀྱང་མ་བསྲུངས་པས་ན། ༨ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ། ལྟོས་ཤིག ང་ཉིད་ཁྱོད་ཀྱི་དགྲར་ལྡང་ཏེ། ཁྱོད་ཀྱི་དབུས་སུ་མི་བརྒྱུད་ཐམས་ཅད་ཀྱི་མིག་གི་མདུན་དུ་ཁྱོད་ལ་ཆད་པས་བཅད་དེ། ༩ ཁྱོད་ཀྱི་ཞེན་ལོག་གི་བྱ་བ་རྣམས་ཀྱི་ཕྱིར་དུ། ངས་སྔར་ནམ་ཡང་མ་བྱས་པ་དང་། ཕྱིས་སུ་ཡང་མི་བྱ་བ་དེ་ཁྱོད་ལ་བྱའོ། ༡༠ དེའི་ཕྱིར་ཁྱོད་ཀྱི་ཁྲོད་དུ་ཕ་རྣམས་ཀྱིས་བུ་རྣམས་ཟ་བར་འགྱུར། བུ་རྣམས་ཀྱིས་ཕ་རྣམས་ཟ་བར་འགྱུར་རོ། ཡང་ངས་ཁྱོད་ཅག་ལ་ཁྲིམས་བཅད་དེ། ཁྱོད་ཀྱི་མི་ལྷག་མ་ཐམས་ཅད་རླུང་ལ་འཐོར་བར་བྱའོ། ༡༡ དེའི་ཕྱིར་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ། ང་ཉིད་ཀྱི་གསོན་པ་ཉིད་དཔང་དུ་འཛུག ཁྱོད་ཀྱིས་རང་གི་སྐྱུག་བྲོ་བོ་དང་ཞེན་ལོག་གི་བྱ་བ་ཚང་མས། ངའི་གཙང་ཁང་བརླགས་པས་ན། ངས་ཀྱང་ཁྱོད་སྣུབ་པར་བྱ་སྟེ། ངའི་སྤྱན་གྱིས་ཕངས་པར་ཡང་མི་བྱ། ངས་སྙིང་རྗེ་ཡང་རྩད་ནས་མི་བྱའོ། ༡༢ ཁྱོད་ཀྱི་སུམ་ཆ་གཅིག་ནི་རིམས་ནད་དང་། མུ་གེས་ཁྱོད་ཀྱི་ནང་དུ་འཆི་བར་འགྱུར། ཡང་སུམ་ཆ་གཅིག་ནི། རལ་གྲིས་ཁྱོད་ཀྱི་ཕྱོགས་བཞི་རུ་སྙེལ་བར་འགྱུར། ཡང་སུམ་ཆ་གཅིག་ནི། རླུང་ཐམས་ཅད་ཀྱི་ནང་དུ་འཐོར་ཞིང་། རལ་གྲིས་འདེད་པར་བྱའོ༎
༡༣ དེ་ལྟར་ངའི་ཁོང་ཁྲོ་རྫོགས་ཤིང་། ཉིད་ཀྱི་ཐུགས་ཁྲོ་དེ་ཚོའི་ཁར་ལུས་ཤིང་། ཁོ་བོ་ཁམས་སང་འགྲོ་བར་འགྱུར། ཉིད་ཀྱི་ཁོང་ཁྲོ་དེ་ཚོའི་ནང་དུ་རྫོགས་པར་བྱས་པའི་ཚེ་ན། ཁོ་བོ་ཡ་ཧོ་ཝཱས་ཉིད་ཀྱི་ཐུགས་ཁྲོའི་ནང་ནས་དེ་གསུངས་པ་ཡིན་པར་དེ་དག་གིས་རྟོགས་པར་འགྱུར་རོ། ༡༤ དེ་མ་ཟད་པར། ཁྱོད་ཀྱི་ཉེ་འཁོར་གྱི་མི་རིགས་སོ་སོའི་དཀྱིལ་དང་། འགྲུལ་པ་རྣམས་ཀྱི་མིག་གི་མདུན་དུ་ཁྱོད་སྟོང་པ་དང་། ཚིག་ངན་དུ་བྱའོ། ༡༥ དེ་ལྟར་ངའི་ཁོང་ཁྲོ་དང་། ཐུགས་ཁྲོ་དང་། བཀའ་བཀྱོན་དྲག་པོའི་ནང་ནས་ཁྱོད་ཀྱི་དཀྱིལ་དུ་ཁྲིམས་གཅོད་དུས་སུ་ཁྱོད་ཀྱི་ཉེ་འཁོར་གྱི་མི་རིགས་ཐམས་ཅད་ཀྱི་ནང་དུ། ཁྱོད་ནི་སྐུར་པ་དང་། ཚིག་ངན་དང་། དྲེད་ཤོར་བ་དང་། ཧན་འཁྱོར་བའི་གནས་སུ་བྱའོ། ཁོ་བོ་ཡ་ཧོ་ཝཱས་འདི་གསུངས་པ་ཡིན། ༡༦ ངས་མེད་པར་བྱེད་དུ་ཚར་གཅོད་ཀྱི་མུ་གེའི་མདའ་ངན་རྒྱབ་དུས་སུ་ངས་ཁྱོད་ཀྱི་ནང་དུ་མུ་གེ་འཕེལ་དུ་འཇུག་ཅིང་། ཁྱོད་ཀྱི་འཚོ་རྒྱགས་ཀྱི་གཏེ་དེ་མེད་པར་བྱ་སྟེ། ༡༧ ངས་ཁྱོད་ཀྱི་ནང་དུ་མུ་གེ་དང་། གཅན་གཟན་ངན་པ་བརྫངས་ཏེ། དེ་དག་གིས་ཁྱོད་ཀྱི་མི་རབས་གཅོད་ཅིང་། ཁྱོད་ཀྱི་དཀྱིལ་ལས་རིམས་ནད་དང་། ཁྲག་རྒྱུག་ཅིང་། ཁྱོད་ཐོག་རལ་གྲི་འཁྱེར་འོང་བར་བྱའོ། ཁོ་བོ་ཡ་ཧོ་ཝཱས་འདི་གསུངས་པ་ལགས་སོ༎