༦
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢ ཀྱེ་མིའི་བུ། ཨིས་ར་ཨེལ་གྱི་རིའི་ཕྱོགས་སུ་རང་གི་གདོང་པ་སྒྱུར་ལ། དེ་དག་ལ་གནོད་པའི་ལུང་སྟོན་ཞིང་། ༣ དེ་དག་ལ། ཀྱེ་ཨིས་ར་ཨེལ་གྱི་རི་བོ་རྣམས། ཡ་ཧོ་ཝཱ་དཀོན་མཆོག་གི་གསུང་ལ་ཉོན། ཡ་ཧོ་ཝཱ་དཀོན་མཆོག་གི་རི་དང་། རི་ཕྲན་དང་། ཆུ་ཀླུང་བང་། རོང་རྣམས་ལ་འདི་སྐད་དུ། ལྟོས་སྡོད། ཁོ་བོ་ང་ཉིད་ཀྱིས་ཁྱོད་ཀྱི་ཐོག་ཏུ་རལ་གྲི་འཁྱེར་འོང་ཞིང་། ཁྱོད་ཀྱི་མཐོ་གླིང་རྣམས་མེད་པར་བྱ་སྟེ། ༤ ཁྱོད་ཀྱི་མཆོད་ཁྲི་རྣམས་སྟོངས་ཏེ། ཁྱོད་ཀྱི་ཉི་མའི་སྐུ་རྣམས་བཅག་ཏེ། ཁྱོད་ཀྱི་ནང་ནས་བཀུམ་པར་གྱུར་པའི་མི་རྣམས་ངས་ཁྱོད་ཀྱི་སྐུ་འདྲའི་མདུན་དུ་དབྱུགས་པར་བྱའོ། ༥ ཡང་ངས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་རོ་རྣམས་དེ་དག་གི་སྐུ་འདྲའི་མདུན་དུ་བཞག་ཅིང་། ཁྱོད་ཀྱི་རུས་པ་རྣམས་ཁྱོད་ཀྱི་མཆོད་ཁྲིའི་ཀྱིར་འཁོར་དུ་གཏོར་བར་བྱའོ། ༦ ཁྱོད་གནས་ས་ཐམས་ཅད་ཀྱི་གྲོང་ཁྱེར་རྣམས་སྟོངས་ཤིང་། མཐོ་གླིང་རྣམས་སྟོང་པར་འགྱུར། ཁྱོད་ཀྱི་མཆོད་ཁྲི་རྣམས་ཀྱང་སྟོངས་ཤིང་། སྟོང་པར་བྱེད་པ་དང་། ཁྱོད་ཀྱི་སྐུ་འདྲ་རྣམས་ཆག་ཅིང་། མེད་པར་འགྱུར་བ་དང་། ཁྱོད་ཀྱི་ཉི་མའི་སྐུ་རྣམས་གཅོག་ཅིང་། ཁྱོད་ཀྱི་ལག་པས་བཅོས་པ་རྣམས་མེད་པར་འགྱུར། ༧ དེ་ནས་བཀུམ་པར་གྱུར་པ་རྣམས་ཁྱོད་ཀྱི་དཀྱིལ་དུ་ལྕར་རེ་འགྱེལ་བར་འགྱུར་བ་དང་། ཁྱོད་ཀྱིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎༨ དེ་ནས་ཀྱང་ལྷག་མ་ཞིག་གཞག་གོ། ཇི་ལྟར་ཞེ་ན། ཁྱོད་ཅག་ཡུལ་སོ་སོར་ཁ་འཐོར་བར་འགྱུར་དུས། ཁྱོད་ལས་ཁ་ཅིག་ནི་མི་རིགས་རྣམས་ཀྱི་ནང་དུ་རལ་གྲི་ལས་ཐར་ནས་ལུས་པར་འགྱུར་རོ། ༩ ཡང་ཁྱོད་ཀྱི་ནང་ནས་ཐར་མཁན་རྣམས་ཀྱིས། གང་དང་གང་དུ་བཙོན་དུ་བཟུང་ཁྱེར་བའི་མི་རིགས་སོ་སོའི་ནང་དུ། ཁོ་བོ་དྲན་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ང་ལས་བྲལ་སོང་བའི་འཕྱོན་མའི་སྙིང་དང་། སྐུ་འདྲའི་རྒྱབ་ནས་འབྲང་བའི་འཕྱོན་མའི་མིག་རྣམས་ངས་བཅག་པས། དེ་ཚོས་རང་གི་མི་གཙང་བ་ཐམས་ཅད་ཀྱི་སྒོ་ནས་བྱས་པའི་བྱ་བ་ངན་པ་རྣམས་ཀྱི་རྐྱེན་གྱིས་རང་ལ་ཞེན་པ་ལོག་པར་འགྱུར། ༡༠ དེ་ནས་ངས་དེ་ཚོའི་ཐོག་ཏུ་བར་ཆད་འདི་དབབ་བོ་གསུངས་པ་དེ་ནི་དོན་མེད་མ་ཡིན་པ་དང་། ཁོ་བོ་ཡ་ཧོ་ཝཱ་ལགས་པ། དེ་ཚོས་རྟོགས་པར་འགྱུར་རོ༎
༡༡ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ། ཁྱོད་ཀྱིས་ལག་རྡབ་རྐང་རྡབ་གཏོང་གིན་འདི་ལྟར་སྨྲོས་ཤིག བཀྲ་མི་ཤིས། ཨིས་ར་ཨེལ་གྱི་ཕ་སྤད་ཀྱི་སྐྱུག་བྲོ་བའི་བྱ་བ་ངན་པ་རྣམས་ཀྱི་ཕྱིར་བཀྲ་མི་ཤིས། དེ་རྣམས་རལ་གྲི་དང་། མུ་གེ་དང་། རིམས་ནད་ཀྱིས་ལྕར་རེ་འགྱེལ་བར་འགྱུར། ༡༢ ཐག་རིང་པོར་ཡོད་པ་ནི་རིམས་ནད་ཀྱིས་འཆི་ཞིང་། ཉེ་སར་ཡོད་པ་ནི་རལ་གྲིས་སྙེལ་བར་འགྱུར། ཡང་ལུས་ཤིང་དམག་གིས་བསྐོར་པ་ནི་མུ་གེས་འཆི་བར་འགྱུར། དེ་ལྟར་ཁོ་བོས་ཉིད་ཀྱི་ཁོང་ཁྲོ་དེ་དག་གི་ནང་དུ་རྫོགས་པར་བྱའོ། ༡༣ དེ་དག་གི་སྐུ་འདྲའི་མདུན་དང་། དེ་དག་གི་མཆོད་ཁྲིའི་ཀྱིར་འཁོར་དང་། རི་མཐོན་པོ་ཐམས་ཅད་དང་། སྒང་གི་རྩེ་མོ་རེ་རེ་དང་། སྐྱེ་ཤིང་སྔོ་བ་ཀུན་དང་། བེ་ཤིང་སྟུག་པོ་མཐའ་དག་གི་ལྐོག་ཏུ་གང་དུའང་སྐུ་འདྲ་ཀུན་ལ་སྤོས་བདུག་པའི་གནས་སུ། དེ་དག་གི་བསད་པར་གྱུར་པའི་མི་རྣམས་ལྕར་རེ་འགྱེལ་བར་འགྱུར། དེའི་དུས་སུ་ཁྱོད་ཚོས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ། ༡༤ དེ་ལྟར་ངས་ཉིད་ཀྱི་ཕྱག་དེ་དག་གི་ཐོག་ཏུ་བརྐྱང་ནས། དེ་དག་ཡུལ་དང་གནས་ཚང་ཐམས་ཅད། འབྲོག་སྟོང་ནས་དིབ་ལད་ཀྱི་བར་དུ་སྟོང་པར་བྱའོ། དེ་ནས་དེ་ཚོས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎