༧
སླར་ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢ ཀྱེ་མིའི་བུ། ཡ་ཧོ་ཝཱ་དཀོན་མཆོག་གིས་ཨིས་ར་ཨེལ་ཡུལ་ཁམས་ལ་འདི་སྐད་གསུང་། མཐའ་མ་ཟད་དུས། ཡུལ་དེའི་གྲུ་བཞི་ཟད་དུས་ལ་བབས་སོ། ༣ ཁྱོད་ཟད་དུས་རན་པས། ངས་ཉིད་ཀྱི་ཁོང་ཁྲོ་ཁྱོད་ཀྱི་ཐོག་ཏུ་འབེབས་ཤིང་། ཁྱོད་ཀྱི་ལམ་ལ་འཁོ་བའི་ཁྲིམས་གཅོད་ཅིང་། ཁྱོད་ཀྱིས་བྱས་པའི་ཞེན་ལོག་གི་བྱ་བ་ཚང་མའི་ཕྱིར་ལན་གཞལ་ལོ། ༤ ངའི་སྤྱན་གྱིས་ཁྱོད་ལ་མི་འཕངས། ངས་སྙིང་རྗེའང་མི་བྱའི། ཁྱོད་ཀྱིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་སུ། ཁྱོད་ཀྱི་ལམ་རྣམས་ཀྱི་ལན་གཞལ་ཞིང་། ཁྱོད་ཀྱི་ཞེན་ལོག་གི་འབྲས་བུ་དེ་ཁྱོད་ཀྱི་དབུས་སུ་ཡོད་པར་འགྱུར་རོ༎༥ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ། བར་ཆད་ཀྱི་ཁར་བར་ཆད། ལྟོས་ཤིག ༦ མཐའ་མ་མཐའ་མ་རང་ལ་བབས། དེ་ཁྱོད་ལ་ཟིར། ལྟོས་དང་། བསླེབ་ཚར། ༧ ཀྱེ་ཡུལ་ཁམས་ལ་གནས་པ་རྣམས། ད་ཁྱོད་ཚར་བའི་ནམ་ལངས། དུས་ཚོད་ལ་བབས། སྡུག་བསྔལ་བའི་ཉིན་མོ་ཉེ་བས། རི་རྣམས་ཀྱི་ཁར་ཡང་དགའ་མགུའི་སྐད་མེད། ༨ ད་རིང་པོ་མི་ཐོགས་པར། ངས་ཉིད་ཀྱི་ཁོང་ཁྲོ་ཁྱོད་ཀྱི་ཐོག་ཏུ་འཕོ་ཞིང་། ཁྱོད་ཀྱི་ནང་ན་ངའི་ཐུགས་ཁྲོ་རྫོགས་པར་བྱ་སྟེ། ཁྱོད་ཀྱི་ལམ་ལ་འཁོ་བའི་ཁྲིམས་གཅད་ཅིང་། ཁྱོད་ཀྱི་ཞེན་ལོག་ཀུན་གྱི་ལན་ཁྱོད་ལ་གཞལ་ཞིང་། ༩ ངའི་སྤྱན་གྱིས་འཕངས་པར་ཡང་མི་འགྱུར། ངས་སྙིང་རྗེ་ཡང་མི་བྱ་བར། ཁྱོད་ཀྱི་ལམ་རྣམས་དང་། ཁྱོད་ཀྱི་ཁྲོད་ན་ཡོད་པའི་ཞེན་པ་ལོག་པའི་བྱ་བ་རྣམས་དང་མཚུངས་པའི་ལན་གཞལ་ལོ། དེ་ནས་ཁྱོད་ཚོས་ང་ནི་ཡ་ཧོ་ཝཱ་ཆད་པས་གཅོད་མཁན་ལགས་པ་རྟོགས་པར་འགྱུར་རོ༎
༡༠ ཉིན་མོ་དེ་ལ་ལྟོས། ལྟོས་དང་། དེ་བསླེབས་ཟིན། ཁྱོད་འཚར་བའི་གནམ་ལངས། དབྱུག་པར་མེ་ཏོག་འབར་ཟིན། རློམ་སེམས་ལ་ལྕུ་གུ་ཆགས་ཟིན། ༡༡ ཉེས་སྡིག་གི་དབྱུག་པའི་བར་དུ་ཡང་དབང་ཆོས་བྱེད་པ་ལངས། དེ་དག་གི་ནང་ནས་སུའང་མི་ལུས། དེ་དག་གི་ཚོགས་ཀྱི་ནང་ནས་གང་ཡང་མི་ལུས། དེ་ཚོའི་ཅིའང་མི་ལུས་ཏེ། དེ་དག་གི་ཕྱིར་ཆོ་ངེས་ཀྱང་བྱེད་པར་མི་འགྱུར། ༡༢ དུས་ལ་བབ་ཚར། ཞག་དེ་ཉེ་བས། དེ་དག་གི་མི་ཚོགས་ཀུན་གྱི་ཐོག་ཏུ་ཐུགས་ཁྲོ་བབ་པས། ཉོ་མཁན་དེ་མ་དགའ་ཞིག འཚོང་མཁན་དེའང་སེམས་མ་སྐྱོ་ཞིག ༡༣ གསོན་པོའི་ཁྲོད་དུ་ཡོད་རུང་། འཚོང་མཁན་དེ་བཙོང་ཟིན་པའི་ནོར་གྱི་བར་དུ་སླེབ་མི་འགྱུར། གང་ལ་ཞེ་ན། ཞལ་གཟིགས་འདི་དེའི་མི་ཚོགས་ཀུན་གྱི་ཕྱིར་ཡིན་པས། གང་ཡང་ཕྱིར་མི་ལོག་གིས། སུས་ཀྱང་མི་དགེ་བ་བྱེད་པའི་ནང་ནས་རང་སེམས་ལ་སྟོབས་འཇུག་པར་མི་འགྱུར། ༡༤ ངའི་ཁོང་ཁྲོ་དེ་ཚོའི་མི་ཚོགས་ཡོད་དོ་ཅོག་གི་ཁར་ཡོད་པས། ཐམས་ཅད་ཀྱིས་སྟ་གོན་བྱེད་དུ་དུང་ཕུས་ཀྱང་། དམག་ལ་སུའང་མི་འགྲོའོ༎
༡༥ ཕྱི་ན་རལ་གྲི་དང་། ནང་ན་རིམས་ནད་དང་མུ་གེ་ཡོད་པས། ཀླུངས་ན་ཡོད་པ་དེ་རལ་གྲིས་འཆི། གྲོང་ཁྱེར་ན་ཡོད་པ་དེ་མུ་གེ་དང་རིམས་ནད་ཀྱིས་མིད་པར་འགྱུར་རོ། ༡༦ འོན་ཀྱང་དེ་ཚོའི་ནང་ནས་ཐར་བ་རྣམས་ཐར་ཏེ། རོང་གི་ཕུག་རོན་ལྟར་རི་ལ་བསྡད་དེ། རང་གི་མི་དགེ་བའི་ཕྱིར་སྨྲེ་སྔགས་འདོན་པར་འགྱུར། ༡༧ ལག་རྩ་ཐམས་ཅད་ལྷོད་དེ། པུས་མོ་ཚང་མ་ཆུ་ལྟར་རྒུད་པར་འགྱུར། ༡༨ རྩ་ཕད་དཀྲི་སྟེ། འཇིགས་པས་ཁྱབ་པར་འགྱུར། ཚང་མའི་གདོང་པ་ལ་ངོ་ཚ་དང་། ཀུན་གྱི་མགོ་ལ་སྤྱི་ཐེར་ཡོད་པར་འགྱུར་རོ། ༡༩ དེ་ཚོས་རང་གི་དངུལ་ལམ་སྲང་ལ་དབྱུག་ཅིང་། རང་གི་གསེར་ནི་མི་གཙང་བར་རྩི་བར་འགྱུར། ཡ་ཧོ་ཝཱའི་ཐུགས་ཁྲོའི་ཉིན་མོར། དེ་དག་གི་གསེར་དངུལ་གྱིས་དེ་དག་སྐྱོབ་མི་ནུས་ཏེ། དེས་ཡིད་མི་ཚིམ་པར། གྲོད་པའང་འགྲང་བར་མི་འགྱུར། དེ་ཅིའི་ཕྱིར་ཞེ་ན། འདིས་བསླུས་ནས། དེ་ཚོ་མི་དགེ་བ་སྤྱད་པ་ཡིན་ནོ༎
༢༠ ཁོང་གི་མཛེས་པའི་རྒྱན་ཆ་ནི། དཔལ་དང་ལྡན་པར་མཛད་ཀྱང་། དེའི་ནང་དེ་དག་རང་གི་ཞེན་ལོག་གི་སྐུ་རྣམས་དང་། སྐྱུག་བྲོ་བོའི་ཆས་རྣམས་བཟོས་པས། ངས་དེ་ནི་དེ་ཚོ་ལ་རྫས་མི་གཙང་བ་རུ་བྱས་པ་ཡིན། ༢༡ ཡང་ངས་དེ་འཕྲོག་འཇུག་ཏུ་རྒྱལ་ཁམས་པའི་ལག་པར་གཏད་ཅིང་། བཅོམ་ནོར་དུ་འགྱུར་དུ་ས་གཞིའི་མི་ངན་གྱི་ལག་པར་གཏོད་པར་བྱ་སྟེ། དེ་དག་གིས་དེ་གྲིབ་ཅན་དུ་བྱའོ། ༢༢ ཡང་ངས་ཉིད་ཀྱི་ཞལ་དེ་དག་ལས་བསྒྱུར་ཏེ། དེ་ཚོ་ལ་ཉིད་ཀྱི་གཙང་ཁང་མི་གཙང་བར་བྱེད་དུ་གཞུག ཡང་དེའི་ནང་དུ་ཆོམ་པོ་རྣམས་འོངས་ནས་མི་གཙང་བར་བྱའོ༎
༢༣ ཡུལ་ནི་མི་གསོད་པའི་ཁྲག་གི་སྡིག་པས་གང་སྟེ། རྒྱལ་ས་ནི་དབང་ཆོས་ཀྱིས་ཁེངས་པས། ལྕགས་སྒྲོག་བཟོས་ཤིག ༢༤ དེ་ནས་ངས་ཕྱི་པའི་ནང་གི་ངན་ཤོས་དེ་འདྲེན་ཅིང་། ཁོ་རྣམས་དེ་དག་གི་ཁྱིམ་བདག་ཏུ་འགྱུར་བར་འགྱུར་རོ། ཡང་ངས་དབང་ཅན་གྱི་རློམ་སེམས་བར་དུ་གཅད་དེ། དེ་དག་གིས་འདི་དག་གི་གཙང་ཁང་མི་གཙང་བར་བྱའོ། ༢༥ མེད་པར་འགྱུར་བ་དེ་འོང་བས། བདེ་བ་འཚོལ་ཡང་། དེ་ནི་མེད། ༢༦ བར་ཆད་ཁར་བར་ཆད་དང་། སྐད་ཆའི་ཁར་སྐད་ཆ་ཐོས་འོང་། དེ་ནས་དེ་ཚོས་ལུང་སྟོན་པའི་ཞལ་གཟིགས་འཚོལ་ཡང་། བླ་མ་ལས་བཀའ་རྒྱ་དང་། རྒན་རབས་ལས་ཇུས་འབྲལ་བར་འགྱུར་ཏེ། ༢༧ རྒྱལ་པོས་ཆོ་ངེས་བྱ། སྐུ་དྲག་གིས་སྟོངས་པ་གོས་སུ་གྱོན་ཞིང་། ཡུལ་མི་ལག་པ་འདར་བར་འགྱུར། དེ་ཚོས་ཁོ་བོ་ཡ་ཧོ་ཝཱ་ལགས་པར་རྟོགས་པའི་ཕྱིར་དུ། ངས་དེ་དག་གི་ལམ་བཞིན་དུ་བྱ་ཞིང་། དེ་ཚོའི་ཁྲིམས་བཞིན་དུ། ངས་ཀྱང་དེ་དག་གི་ཁྲིམས་གཅད་དོ༎