ཡང་བདག་ཁྱིམ་གྱི་ནང་དུ་བསྡད་ཡོད་པ་ལས། ལོ་དྲུག་པའི་ཟླ་བ་དྲུག་པའི་ཚེས་ལྔ་པར། ཡ་ཧུ་དཱའི་རྒན་པོ་ཚོ་བདག་གི་དྲུང་དུ་འོང་དེ། དེར་ཡ་ཧོ་ཝཱའི་ཕྱག་བདག་གི་ཁར་བབ་བྱུང་།  དེ་ནས་བདག་གིས་བལྟས་པ་དང་། མེ་དང་འདྲ་བའི་གཟུགས་ཤིག་མཐོང་བྱུང་། དེའི་རྐེད་པ་མན་ཆོད་མེ་སྟེ། རྐེད་པ་ཡན་ཆོད་སྤོས་ཤེལ་ལྟར་འོད་ལྷག་ལྷག་ཡོད་པ་ཡིན།  དེས་ལག་པའི་དབྱིབས་འདྲ་བ་ཞིག་ཕྱུང་ནས། བདག་གི་མགོའི་སྐྲ་ཚལ་པ་ཞིག་ལ་འཐམས་ནས། ཐུགས་ཉིད་ཀྱིས་བདག་ས་གནས་གཉིས་ཀྱི་མཚམས་སུ་ཡར་དྲངས་ནས། དཀོན་མཆོག་གི་ཞལ་གཟིགས་ཀྱི་ནང་དུ། ཡེ་རུ་ཤ་ལེམ་ལ་བྱང་སྒོ་ནང་མར། འཁྲེན་སེམས་བསྐྱེད་པའི་འཁྲེན་སྐུ་ཡོད་སར་བདག་ཁྱེར་བ་དང་།  ངས་ཐང་དུ་མཐོང་བའི་ཞལ་གཟིགས་ཁོ་ན་བཞིན་དུ། ཨིས་ར་ཨེལ་གྱི་དཀོན་མཆོག་གི་གཟི་བརྗིད་དེར་མཆིས་པ་ཡིན།
 དེ་ནས་དེས་བདག་ལ། ཀྱེ་མིའི་བུ། ད་རང་གི་མིག་བྱང་ཕྱོགས་སུ་ཐེགས་ཤིག གསུངས་པས། བདག་གིས་བྱང་དུ་མིག་བཏེགས་པ་དང་། བྱང་ཕྱོགས་ནས་མཆོད་ཁྲིའི་རྒྱ་སྒོའི་མདུན་དུ་འཁྲེན་སྐུ་དེ་མཐོང་བྱུང་།  དེས་སླར་ཡང་བདག་ལ། ཀྱེ་མིའི་བུ། དེ་ཚོས་ཅི་བྱེད་པ་ཁྱོད་ཀྱིས་མཐོང་ངམ། ཉིད་ཀྱི་གཙང་ཁང་ལས་ཁོ་བོ་རྒྱང་རིང་དུ་འགྲོར་འཇུག་པའི་ཕྱིར་དུ། འདི་ན་སྤྱད་པའི་ཨིས་ར་ཨེལ་ཕ་སྤད་ཀྱི་མི་གཙང་བ་འདི་དག་ཆེ་བ་ཡིན་མོད། ད་དུང་ཡང་དེ་ལས་ཀྱང་ལྷག་པར་མི་གཙང་བ་རྣམས་མཐོང་བར་འགྱུར་རོ་ཞེས་གསུང་ངོ་༎
 དེ་ནས་དེས་བདག་ཁྱམས་ཀྱི་སྒོ་ལ་ཁྱེར་ཏེ། བདག་གིས་བལྟས་པ་ཙམ་གྱིས། ལྕགས་རིའི་ནང་དུ་བུག་པ་ཞིག་ཡོད་པ་མཐོང་བྱུང་།  དེ་ནས་དེས་བདག་ལ། ཀྱེ་མིའི་བུ། ལྕགས་རི་བྲུས་ཤིག བསྒོ་བས། བདག་གིས་ལྕགས་རི་བྲུས་བ་ལས། སྒོ་ཞིག་མཐོང་བྱུང་།  དེ་ནས་དེས་བདག་ལ། ནང་དུ་ཞུགས་ཤིག དེ་དག་གིས་འདི་རུ་སྤྱོད་པའི་ཞེན་ལོག་གི་བྱ་བ་མི་གཙང་བ་རྣམས་ལ་ལྟོས་ཤིག གསུངས་སོ། ༡༠ བདག་ནང་དུ་སོང་ནས་བལྟས་པ་དང་། ལྕགས་རིའི་ཁར་ཀྱིར་འཁོར་ནས་ལྟོ་འགྲོའི་རིགས་ཚང་མ་དང་། སེམས་ཅན་མི་གཙང་བའི་གཟུགས་བརྙན་དང་། ཨིས་ར་ཨེལ་གྱི་ཕ་སྤད་ཀྱི་སྐུ་འདྲ་ཐམས་ཅད་ལོག་བྲིས་སུ་ཡོད་པ་ཡིན། ༡༡ ཡང་ཨིས་ར་ཨེལ་གྱི་རྒན་པོའི་ཁྲོད་ལས་མི་བདུན་ཅུ་དེ་དག་གི་མདུན་དུ་འགྲེང་ཞིང་ཡོད་པ་ཡིན། དེ་དག་གི་དཀྱིལ་ན་ཤཱ་ཕན་གྱི་བུ་ཡ་ཨ་ཟན་ཡཱ་བྱ་བ་དེ་ལངས་ཏེ། མི་རེའི་ལག་ཏུ་བསངས་ཕོར་རེ་ཡོད་པས། སངས་ཤུག་གི་སྤྲིན་སྟུག་པོ་ཞིག་འཐུལ་བ་ཡིན། ༡༢ དེ་ནས་དེས་བདག་ལ། ཀྱེ་མིའི་བུ། ཨིས་ར་ཨེལ་གྱི་རྒན་པོ་རྣམས་མུན་པའི་སྨག་རུམ་ན། རེ་རེས་རང་གི་སྐུ་འདྲའི་ནང་མིག་རྣམས་ནང་ཅི་དང་ཅི་བྱེད་པ་དེ་མཐོང་ངམ། དེ་ཅིའི་ཕྱིར་ཞེ་ན། དེ་ཚོས། ཡ་ཧོ་ཝཱས་ངེད་མི་གཟིགས། ཡ་ཧོ་ཝཱས་ས་གཞི་བསྐྱུར་བ་ཡིན་ཞེས་ཟེར་རོ། ༡༣ དེ་ནས་དེས་བདག་ལ། ད་དུང་ཡང་དེ་ཚོས་སྤྱོད་པའི་བྱ་བ་འདི་ལས་ཀྱང་ལྷག་པར་དུ་མི་གཙང་བ་རྣམས་མཐོང་བར་འགྱུར་རོ་གསུངས་ནས།
༡༤ དེས་བདག་ཡ་ཧོ་ཝཱའི་ཕོ་བྲང་གི་བྱང་སྒོར་ཁྱེར་བ་དང་། དེ་ན་བུད་མེད་རྣམས་ས་ལ་བསྡད་དེ། ཏམ་མུས་ཀྱི་ཕྱིར་ངུ་བ་མཐོང་བྱུང་། ༡༥ དེ་ནས་དེས་བདག་ལ། ཀྱེ་མིའི་བུ། དེ་མཐོང་ངམ། ཁྱོད་ཀྱིས་ད་དུང་ཡང་དེ་ལས་ལྷག་པར་མི་གཙང་བའི་བྱ་བ་རྣམས་མཐོང་བར་འགྱུར་རོ་གསུང་ནས།
༡༦ དེས་བདག་ཡ་ཧོ་ཝཱའི་ཕོ་བྲང་གི་ཁྱམས་ནང་མའི་སྒོར་ཁྲིད་ནས། ཡ་ཧོ་ཝཱའི་མཆོད་ཁང་གི་སང་སྒོར། སྒོ་འབྱོར་དང་མཆོད་ཁྲིའི་བར་ན། མི་ཉེར་ལྔས་ཡ་ཧོ་ཝཱའི་མཆོད་ཁང་ལ་རྒྱབ་ལོག་ནས། ཤར་ཕྱོགས་སུ་གདོང་པ་བསྒྱུར་ཏེ། ཤར་ལ་བལྟས་ཤིང་། ཉི་མ་ལ་རིམ་འགྲོ་བྱེད་པ་མཐོང་བྱུང་། ༡༧ ཡང་དེས་བདག་ལ། ཀྱེ་མིའི་བུ། ཁྱོད་ཀྱིས་དེ་མཐོང་ངམ། དེ་ཚོས་འདིར་སྤྱོད་པའི་མི་གཙང་བའི་བྱ་བ་འདི་རྣམས། ཡ་ཧུ་དཱའི་ཕ་སྤད་ཀྱི་མདུན་དུ་བྱ་བ་སླ་བ་ཞིག་ཡིན་ནམ། གང་ལ་ཞེ་ན། དེ་དག་གིས་དབང་ཆོས་ཀྱིས་ཡུལ་ཁམས་བཀང་སྟེ། སྐྱིར་ལོག་ནས་ངའི་ཁོང་ཁྲོ་དཀྲུགས་སོ། ལྟོས་ཤིག དེ་དག་གིས་རང་གི་སྣ་ལ་ཡལ་ག་ལྷན་པར་བྱེད། ༡༨ དེ་བས་ན་ཁོ་བོས་ཀྱང་ཁོང་ཁྲོའི་བྱ་བར་འཇུག་ཅིང་། ངའི་སྤྱན་གྱིས་ཕངས་པར་ཡང་མི་བྱ། སྙིང་རྗེ་བར་ཡང་མི་བྱའི། དེ་ཚོས་སྐད་ཆེན་པོས་ངའི་སྙན་དུ་འོ་དོད་འདོན་རུང་། ངས་དེ་དག་ལ་གསན་པར་མི་བྱའོ༎