སླར་ཡང་དེས་སྐད་ཆེན་པོས་བདག་གི་རྣ་བར་འབོད་བསྒྲགས་ཏེ། རྒྱལ་སའི་དཔོན་པོ་རྣམས་རེ་རེས་རང་གི་ལག་པ་ལ་སྲོག་ལེན་གྱི་མཚོན་ཆ་ཐོགས་ཏེ། ཉེ་བར་དྲོངས་ཤིག་གསུངས་པ་དང་།  ཀྱེ་ཧོ། བྱང་ལྟས་ཀྱི་ལྟག་པའི་རྒྱ་སྒོ་ནས་སྐྱེས་པ་དྲུག་འོང་སྟེ། སྐྱེས་པ་རེའི་ལག་ན་སྲོག་གཅོད་ཀྱི་མཚོན་ཆ་ཡོད་པ་ཡིན། དེ་ཚོའི་གསེབ་ན་གཅིག་རས་གོས་གྱོན་ཡོད་དེ། དེའི་རྐེད་པར་འབྲི་མཁན་གྱི་སྣག་བུམ་ཞིག་ཡོད་པ་ཡིན། དེ་ནས་དེ་དག་ནང་དུ་ཞུགས་ནས། ར་གན་གྱི་མཆོད་ཁྲིའི་དྲུང་དུ་ཀེ་རེ་བསྡད་དོ༎
 དེར་ཀེ་རུབ་ཀྱི་གོང་དུ་མཆིས་པའི་ཨིས་ར་ཨེལ་གྱི་དཀོན་མཆོག་གི་དཔལ་བརྗིད་དེ་ཕོ་བྲང་གི་སྒོར་བྱོན་ནས། རས་གོས་གྱོན་ཞིང་། རྐེད་པར་འབྲི་མཁན་གྱི་སྣག་བུམ་ཡོད་པའི་མི་དེ་ལ་བོས་ནས།  ཡ་ཧོ་ཝཱས་དེ་ལ། ཁྱོད་རྒྱལ་སའི་དཀྱིལ་ལམ་ཡེ་རུ་ཤ་ལེམ་དབུས་རྒྱུད་དེ་འདོང་ཞིང་། དེ་དག་གི་ཁྲོད་ན་བྱེད་པའི་ཞེན་ལོག་གི་བྱ་བ་ཚང་མའི་རྐྱེན་གྱིས་ཤུགས་ནར་འབྱིན་ཞིང་། ངུ་མཁན་རྣམས་ཀྱི་དཔྲལ་བར་རྟགས་རྒྱོབ་ཅིག་གསུངས་སོ།  ཡང་ཁོང་གིས་གཞན་དག་ལ་བདག་གི་ཐོས་སར། ཁྱོད་ཅག་དེའི་རྗེས་སུ་རྒྱལ་སའི་ནང་དུ་སོང་སྟེ། གསོད་ཅིག མིག་གིས་ཕངས་པར་མ་བྱེད། སྙིང་ཡང་མ་རྗེ་ཞིག  རྒད་པོ་དང་། གཞོན་ནུ་དང་། ན་ཆུང་དང་། ཕྲུ་གུ་དང་། བུད་མེད་རྣམས་གསོད་པར་བྱོས། འོན་ཀྱང་རྟགས་ཡོད་པ་གང་གི་དྲུང་དུའང་མ་འགྲོ་བར། ངའི་གཙང་ཁང་ལས་འགོ་ཚུགས་ཤིག་གསུངས་པས། དེ་དག་གིས་མཆོད་ཁང་གི་མདུན་དུ་ཡོད་པའི་བགྲེས་པོ་རྣམས་ལས་གསོད་པར་བརྩམས་སོ༎
 ཡང་ཁོང་གིས་དེ་དག་ལ། ཕོ་བྲང་བརླགས་པར་བྱོས། ཁྱམས་རྣམས་བསད་པའི་རོས་ཁེངས་ཤིག ཕྱི་རོལ་དུ་སོང་ཞིག་བསྒོ་བ་དང་། དེ་དག་ཕྱིར་ཐོན་ཏེ། རྒྱལ་ས་རུ་སྲོག་གཅོད་དུ་ཞུགས་སོ།  ཡང་དེ་རྣམས་གསོད་པ་ལས། བདག་གཅིག་པུར་ལུས་པ་དང་། བདག་ཁ་འབུབ་ལོག་ནས། ཀྱེ་ཧུད། ཡ་ཧོ་ཝཱ་དཀོན་མཆོག ཉིད་ཀྱི་ཁྲོ་གཏུམ་ཡེ་རུ་ཤ་ལེམ་གྱི་ཁར་བླུགས་ཏེ། ཨིས་ར་ཨེལ་གྱི་མི་ལྷག་མ་ཚང་མ་ཡང་མེད་པར་མཛད་དམ། ཞེས་འོ་དོད་བཏང་བ་ལས།  ཁོང་གིས་བདག་ལ། ཨིས་ར་ཨེལ་དང་། ཡ་ཧུ་དཱའི་ཕ་སྤད་གཉིས་ཀྱི་མི་དགེ་བ་ཧ་ཅང་ཆེ་སྟེ། ཡུལ་ཁམས་འདི་ཁྲག་གིས་གང་ནས། རྒྱལ་ས་ནི་ཁྲིམས་ལོག་གིས་གང་ཡོད་དོ། གང་ལ་ཞེ་ན། དེ་དག་གིས། ཡ་ཧོ་ཝཱས་ཡུལ་ཁམས་འདི་སྤངས་པས། ཡ་ཧོ་ཝཱས་མི་གཟིགས་སོ་ཟེར། ༡༠ དེ་བས་ན་ངས་ཀྱང་ཅི་བྱ་ཞེ་ན། ངའི་སྤྱན་གྱིས་དེ་ཚོ་ལ་ཕངས་པར་ཡང་མི་བྱ། སྙིང་ཡང་མི་རྗེ་བར། དེ་ཚོའི་མགོ་ལ་སྤྱོད་ངན་གྱི་ལན་འབེབས་པར་བྱའོ་གསུངས་སོ། ༡༡ ཀྱེ་ཧོ། རས་གོས་གཡོགས་ཏེ། རྐེད་ལ་སྣག་བུམ་ཡོད་པའི་སྐྱེས་བུ་དེས། ཁྱེད་ཀྱིས་བདག་ལ་བཀའ་གནང་བ་ཁོ་ན་བཞིན་དུ་བདག་གིས་བསྒྲུབ་ཟིན་ཏོ་ཞེས་ཞུ་ལེན་དུ་ཞུས་སོ༎