༡༠
དེ་ནས་བདག་གིས་བལྟས་པ་དང་། ཀྱེ་ཧོ། ཀེ་རུབ་ཚོའི་མགོའི་ལྟག་ཏུ་ཡོད་པའི་དབྱིངས་ཀྱི་ནང་ན། རྒྱལ་ཁྲིའི་བཟོའི་ནི་ལིམ་གྱི་རྡོ་ལྟ་བུ་ཞིག་ཡོད་པ་ཡིན།  ཡང་དེས་རས་གོས་གསོལ་བའི་སྐྱེས་བུ་ལ་གཏམ་བྱེད་ཀྱིན། ཀེ་རུབ་ཀྱི་འོག་ན་ཡོད་པའི་འཁོར་ལོ་འཁོར་མཁན་རྣམས་ཀྱི་བར་དུ་སོང་ནས། ཀེ་རུབ་རྣམས་ཀྱི་བར་ན་ཡོད་པའི་སོལ་མེའི་ནང་ནས་ལག་པ་གཉིས་ཀྱིས་ཕྱུང་ནས། རྒྱལ་སའི་ཁར་ཐོར་ཞིག་བསྒོ་བས། དེ་ངའི་མཐོང་སར་ནང་དུ་སོང་ངོ་།  དེ་ནས་སྐྱེས་བུ་དེ་ནང་དུ་སོང་བ་ཙམ་གྱིས། ཀེ་རུབ་རྣམས་ཕོ་བྲང་གི་གཡས་སུ་འགྲེང་བསྡད་པ་ལས། ཁྱམས་ནང་མ་སྤྲིན་པས་ཁྱབ་བོ།  དེ་ནས་ཀེ་རུབ་ཀྱི་སྟེང་ལས་ཡ་ཧོ་ཝཱའི་དཔལ་བརྗིད་དེ་ཡར་བཞེངས་ནས། ཕོ་བྲང་གི་སྒོའི་དྲུང་དུ་བྱོན་ནས། ཕོ་བྲང་སྤྲིན་གྱིས་ཁྱབ་སྟེ། ཁྱམས་ནི་ཡ་ཧོ་ཝཱའི་དཔལ་བརྗིད་ཀྱི་གཟི་བྱིན་གྱིས་ཁྱབ་བྱུང་།  ཡང་ཀུན་དབང་གི་དཀོན་མཆོག་གིས་གསུང་གླེང་དུས་ཀྱི་གསུང་སྒྲ་དང་འདྲ་བར། ཀེ་རུབ་རྣམས་ཀྱི་ཤོག་སྒྲ་ཁྱམས་ཕྱི་མའི་བར་དུ་ཐོས་པ་ཡིན།  དེ་ནས་ངས་གོས་གྱོན་པའི་སྐྱེས་བུ་དེ་ལ། འཁོར་ལོ་རྣམས་ཀྱི་བར་རམ། ཀེ་རུབ་དག་གི་བར་ལས་མེ་བློངས་ཤིག ཅེས་བསྒོ་བ་ཙམ་གྱིས། དེ་ནང་དུ་སོང་ནས། འཁོར་ལོ་རྣམས་ཀྱི་གན་དུ་འགྲེང་བསྡད་པ་དང་།  ཀེ་རུབ་རྣམས་ཀྱི་ནང་ནས་ཀེ་རུབ་གཅིག་གིས། ཀེ་རུབ་ཀྱི་བར་ན་ཡོད་པའི་མེའི་ཕྱོགས་སུ་ལག་པ་བརྐྱངས་ནས། མེ་བླངས་ཏེ། རས་གོས་གྱོན་པའི་སྐྱེས་བུའི་ལག་པ་གཉིས་ནང་བཞག་པས། དེས་བླངས་ནས་ཕྱི་རོལ་དུ་སོང་ངོ་།  ཡང་ཀེ་རུབ་རྣམས་ཀྱི་ཤོག་པའི་འོག་ན། མིའི་ལག་པའི་བཟོ་ལྟ་བུ་ཞིག་སྣང་བྱུང་།
 དེ་ནས་བདག་གིས་བལྟས་པ་དང་། ཀྱེ་ཧོ། འཁོར་ལོ་བཞི་ཀེ་རུབ་དག་གི་དྲུང་ན་ཡོད་དེ། ཀེ་རུབ་གཅིག་གི་དྲུང་ན་འཁོར་ལོ་གཅིག་དང་། ཀེ་རུབ་གཉིས་པའི་དྲུང་ན་ཡང་འཁོར་ལོ་ཞིག་ཡོད་དེ། འཁོར་ལོ་དེ་དག་གི་སྣང་ཚུལ་གྱི་ཁ་དོག་ནི་ཕུག་རྫ་ལྟ་བུ་སྟེ། ༡༠ དེ་དག་གི་བཟོ་བལྟ་ནི། འཁོར་ལོའི་དཀྱིལ་ན་ཡོད་པའི་འཁོར་ལོ་ལྟར། བཞི་པོ་བཟོ་གཅིག་པ་ཡོད་པ་ཡིན། ༡༡ དེ་དག་འགྲུལ་དུས་སུ་རང་གི་ཕྱོགས་བཞིར་འགྲུལ་ཏེ། ཆས་ནས་རྒྱབ་ཏུ་མི་ལོག་ཅིང་། གང་ཕྱོགས་སུ་ཁ་སྒྱུར་ན་ཡང་། ཕྱི་བཞིན་འབྲང་སྟེ། ཆས་ནས་རྒྱབ་ཏུ་མ་ལོག་གོ། ༡༢ དེ་དག་གི་ལུས་ཐམས་ཅད་དང་། ཤུལ་རྒྱབ་དང་། ལག་པ་དང་། ཤོག་པ་དང་། དེ་ཚོ་ལ་ཡོད་པའི་འཁོར་ལོ་བཞི་པོའི་འཁོར་ལོ་རྣམས་ཀྱི་ཀྱིར་འཁོར་ཚང་མ་མིག་གིས་གང་ཡོད་པ་ཡིན། ༡༣ བདག་གི་ཐོས་སར་འཁོར་ལོ་དེ་དག་ལ་སུ་ཞིག་གིས། ཤུགས་ཀྱི་འཁོར་ལོ་ཞེས་མིང་བཏགས་སོ། ༡༤ རེ་རེ་ལ་གདོང་བཞི་ཡོད་དེ། དང་པོ་ལ་ཀེ་རུབ་ཀྱི་གདོང་། གཉིས་པ་ལ་མིའི་གདོང་། གསུམ་པ་ལ་སེང་གེའི་གདོང་། བཞི་པ་ལ་གླག་གི་གདོང་ཡོད་པ་ཡིན། ༡༥ ཡང་ཀེ་རུབ་རྣམས་ཡར་འཕགས་སོ། སེམས་ཅན་འདི་ནི་བདག་གིས་ཀེ་བཱར་གཙང་འགྲམ་དུ་མཐོང་བ་དེ་ཀའོ། ༡༦ ཀེ་རུབ་འདོང་དུས་སུ་འཁོར་ལོ་ཡང་མཉམ་མཉམ་འདོང་སྟེ། ཀེ་རུབ་ས་ལས་འཕགས་པའི་ཕྱིར་རང་གི་ཤོག་པ་འདེགས་དུས་སུ། འཁོར་ལོ་རྣམས་དེ་དག་གི་མདུན་ལས་མ་བྲལ་ཏེ། ༡༧ དེ་དག་བསྡད་དུས་འདི་དག་ཀྱང་བསྡད། དེ་དག་འཕགས་དུས་འདི་དག་ཀྱང་འཕགས་སོ། དེ་ཅིའི་ཕྱིར་ཞེ་ན། འདི་དག་གི་ནང་ན་གསོན་པོའི་སེམས་ཉིད་ཡོད་པ་ཡིན།
༡༨ དེ་ནས་ཡ་ཧོ་ཝཱའི་དཔལ་བརྗིད་དེ་ཕོ་བྲང་གི་མ་ཐེམ་ལས་བཞུད་དེ། ཀེ་རུབ་རྣམས་ཀྱི་སྟེང་དུ་བཞུགས་པ་དང་། ༡༩ ཀེ་རུབ་རྣམས་ཀྱིས་ཤོག་པ་བཏེགས་ནས། བདག་གི་མཐོང་སར་ས་ལས་ཡར་འཕགས་སོ། དེ་དག་ཕྱི་རོལ་ཏུ་ཕྱིན་དུས་སུ། འཁོར་ལོ་རྣམས་ཀྱང་མཉམ་དུ་ཡོད་དེ། ཡ་ཧོ་ཝཱའི་ཕོ་བྲང་གི་ཤར་སྒོའི་དྲུང་དུ་འགྲེང་ཞིང་བསྡད་དེ། ཨིས་ར་ཨེལ་གྱི་དཀོན་མཆོག་གི་དཔལ་བརྗིད་དེ་དག་གི་གོང་ན་ཡོད་པ་ཡིན། ༢༠ སེམས་ཅན་འདི་ནི་བདག་གིས་ཀེ་བཱར་གཙང་འགྲམ་ན་ཨིས་ར་ཨེལ་གྱི་དཀོན་མཆོག་གི་མཆན་དུ་མཐོང་བ་དེ་རང་ཡིན་པས། དེ་དག་ཀེ་རུབ་ཡིན་པའི་ཆ་བདག་ལ་ཡོད་པ་ཡིན། ༢༡ རེ་རེ་ལ་གདོང་བཞི་བཞི་དང་། ཤོག་པ་བཞི་བཞི་ཡོད་དེ། ཤོག་པའི་འོག་ན་མིའི་ལག་པ་ལྟ་བུ་ཞིག་ཡོད་པ་ཡིན། ༢༢ དེ་དག་གི་བཞིན་རས་ཀྱི་དབྱིབས་བྱད་ནི། བདག་གིས་ཀེ་བཱར་གཙང་འགྲམ་དུ་མཐོང་བ་དེ་ཀ་བཞིན་ངེས་ཏེ། དེ་ཐམས་ཅད་མདུན་དུ་ཁ་དྲང་པོར་འགྲུལ་བ་ཡིན་ནོ༎