༡༡
སླར་ཡང་ཐུགས་ཉིད་ཀྱིས་བདག་ཡར་བཏེགས་ཏེ། ཡ་ཧོ་ཝཱའི་ཕོ་བྲང་གི་ཤར་བལྟས་ཀྱི་ཤར་སྒོ་རུ་ཁྲིད་ཁྱེར་བ་དང་། ཀྱེ་ཧོ། སྒོ་རྩ་དེར་སྐྱེས་པ་ཉེར་ལྔ་དང་། དེ་དག་གི་ཁྲོད་ན་མི་སྡེའི་དཔོན་པོ། ཨ་ཟུར་གྱི་བུ་ཡ་ཨ་ཟན་ཡཱ་དང་། བེ་ནཱ་ཡཱའི་བུ་པེ་ལད་ཡཱ་གཉིས་མཐོང་བ་དང་།  ཁོང་གིས་བདག་ལ། ཀྱེ་མིའི་བུ། འདི་དག་ནི་རྒྱལ་སའི་ནང་ན་ཇུས་ངན་བྱེད་ཅིང་། གྲོས་མི་རིགས་པ་འདེབས་པའི་མི་རྣམས་ཡིན།  འདི་དག་གི་གཏམ་ནི། ང་ཅག་གིས་ཁྱིམ་རྩིག་པར་བྱ་བའི་དུས་མི་ཉེའམ། རྒྱལ་ས་ནི་ཟངས་བུ་དང་། འོ་སྐོལ་ནི་ཤ་དེ་ཡིན་ཟེར་བས།  ཁྱོད་དེ་ཚོའི་དགྲར་ལྡང་སྟེ། ལུང་སྟོན་ཞིག ཀྱེ་མིའི་བུ། ལུང་སྟོན་ཞིག་གསུངས་པ་དང་།
 ཡ་ཧོ་ཝཱའི་ཐུགས་ཉིད་བདག་གི་ཁར་བབས་ནས། བདག་ལ་ཡ་ཧོ་ཝཱས་འདི་ལྟར་གསུང་། ཀྱེ་ཨིས་ར་ཨེལ་གྱི་ཕ་སྤད། ཁྱོད་ཀྱིས་འདི་ལྟར་སྨྲ། ཁྱོད་ཀྱི་སྙིང་གི་ནང་ན་འཆར་བའི་བསམ་པ་རེ་རེ་ལྟར་ངས་མཁྱེན།  ཁྱོད་ཚོས་རྒྱལ་ས་འདིའི་ནང་ན་མང་ཙམ་བསད་དེ། དེའི་ལམ་སྲང་རྣམས་བསད་པའི་རོས་བཀང་།  དེ་བས་ན། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཚོའི་རྒྱལ་སའི་དཀྱིལ་དུ་དབྱུགས་པའི་ཁྱོད་ཅག་གིས་བསད་པའི་རོ་དེ་ནི། ཤ་དེ་ཡིན། རྒྱལ་ས་འདི་ཟངས་བུ་དེ་ཡིན་ཀྱང་། ངས་ཁྱོད་དེའི་དཀྱིལ་ལས་ཕྱི་རོལ་ཏུ་གདོན།  རལ་གྲི་ལ་ཁྱོད་ཅག་འཇིགས་ཀྱང་འཇིགས། ཁྱོད་ཅག་གི་ཐོག་ཏུ་རལ་གྲི་ངས་འགུག་པར་ཡང་བྱའོ། ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་།  ཡང་ངས་དེའི་དཀྱིལ་ལས་ཁྱོད་ཕྱུང་སྟེ། རྒྱལ་ཁམས་པའི་ལག་པར་བཏད་དེ། ཁྱོད་ལ་ཁྲིམས་གཅོད་པར་བྱའོ། ༡༠ རལ་གྲིས་སྙེལ་ཞིང་། ཨིས་ར་ཨེལ་གྱི་ས་མཚམས་སུ་ངས་ཁྱོད་ཅག་གི་ཁྲིམས་གཅད་དོ། དེ་ནས་ཁྱོད་ཚོས་ཁོ་བོ་ཡ་ཧོ་ཝཱ་ཡིན་པ་རྟོགས་པར་འགྱུར་རོ། ༡༡ རྒྱལ་ས་འདི་ཁྱོད་ཀྱི་ཚོགས་ཟང་དང་། ཁྱོད་དེའི་ནང་ཤ་རུ་མི་འགྱུར་གྱིས། ཨིས་ར་ཨེལ་གྱི་ས་མཚམས་ཀྱི་ནང་དུ་ངས་ཁྱོད་ཅག་ཆད་པས་གཅད་དོ། ༡༢ དེ་ནས་ཁྱོད་ཚོས་ཁོ་བོ་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཅག་གིས་ངའི་སྤྱད་མཚམས་ཀྱང་མ་བསྲུངས། ངའི་བཀའ་ཁྲིམས་ལའང་མ་བརྩིས། ཁྱོད་ཅག་གི་ཉེ་འཁོར་གྱི་ཕྱི་པའི་ཚུལ་གྱི་ཕྱི་བཞིན་བྲངས་པ་ཡིན། ཞེས་ཤོད་ཅིག གསུངས་སོ༎
༡༣ དེ་ནས་བདག་གིས་ལུང་དེ་བསྟན་དུས་སུ། བེ་ནཱ་ཡཱའི་བུ་པེ་ལད་ཡཱ་ཤིའོ། དེ་ནས་བདག་ཁ་འབུབ་ལོག་ནས། སྐད་ཆེན་པོས་ངུ་འབོད་བརྒྱབ་ནས། ཀྱི་ཧུད། ཡ་ཧོ་ཝཱ་དཀོན་མཆོག ཁྱེད་ཀྱིས་ཨིས་ར་ཨེལ་གྱི་ཕྱི་ལུས་དེ་ཡང་རྩད་ནས་མེད་པར་བྱའམ་ཞུས་པ་དང་།
༡༤ སླར་ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ། ༡༥ ཀྱེ་མིའི་བུ། ཁྱོད་ཀྱི་སྤུན་ནམ་སྤུན་ཟླ་དང་། གཉེན་དྲུང་དང་། ཨིས་ར་ཨེལ་གྱི་ཕ་སྤད་ཚང་མ་ལ་བལྟས་ནས། ཡེ་རུ་ཤ་ལེམ་པས། ཡ་ཧོ་ཝཱ་ལས་རྒྱང་རིང་དུ་སོང་ཞིག ཡུལ་ཁམས་འདི་ང་ཚོའི་ནོར་སྐལ་དུ་བྱིན་པ་ཡིན་ཞེས་ཟེར་རོ། ༡༦ དེ་བས་ན་འདི་ལྟར་སྦྲོན་ཞིག ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ངས་དེ་དག་ཕྱི་པའི་ཁྲོད་དུ་རྒྱང་རིང་པོར་དོར་ཡོད་མོད། ཡང་གལ་ཏེ་ངས་དེ་རྣམས་ཡུལ་སོ་སོ་ལ་ཁྲེ་ཐོར་བཏང་རུང་། གང་དང་གང་དུ་བསྐྲད་པའི་ཡུལ་སོ་སོའི་ནང་དུ་དུས་རེ་ཞིག་གི་ཕྱིར་ཁོ་བོ་དེ་དག་གི་གཙང་ཁང་དུ་འགྱུར་བར་འགྱུར་རོ། ༡༧ དེའི་ཕྱིར་འདི་ལྟར་སྦྲོན་ཞིག ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ངས་ཁྱོད་རྒྱལ་ཁམས་ཀྱི་ཁྲོད་ལས་བསྡུས་ཏེ། ཁྱོད་ཅག་ཁྲེ་ཐོར་དུ་ཡོད་པའི་ཡུལ་སོ་སོ་ལས་ལྷན་ཅིག་བསྡུས་ནས། ཨིས་ར་ཨེལ་གྱི་ཡུལ་ཁམས་ཁྱོད་ཅག་ལ་སྦྱིན་པར་བྱའོ། ༡༨ དེ་ནས་དེ་དག་དེར་ཕྱིན་ཏེ། དེའི་ཞེན་ལོག་དང་སྐྱུག་བྲོ་བའི་དངོས་པོ་རྣམས་དེའི་ནང་ནས་གདོན་ཞིང་། ༡༩ ངས་དེ་དག་ལ། སྙིང་གཅིག་གཅིག་བཏང་སྟེ། ཁྱོད་ཀྱི་ནང་དུ་སེམས་གསར་བ་ཞིག་བཅུག་ནས། དེ་དག་གི་ཤ་ལུས་ཀྱི་ནང་ནས་རྡོ་སྙིང་དེ་ཕྱུང་ནས། ཤའི་སྙིང་ཞིག་གནང་བར་བྱའོ། ༢༠ དེ་ནས་དེ་དག་ངའི་ཚུལ་ཁྲིམས་ལ་སྤྱོད་པ་དང་། ངའི་བཀའ་རྒྱ་རྣམས་སྲུང་བ་དང་། དེ་བཞིན་དུ་སྤྱོད་པར་བྱའོ། དེ་ནས་དེ་དག་ངའི་མི་སྡེ་དང་། ང་དེ་དག་གི་དཀོན་མཆོག་ཏུ་འགྱུར་བར་འགྱུར་རོ། ༢༡ འོན་ཀྱང་རང་གི་སྙིང་ཞེན་ལོག་དང་། སྐྱུག་བྲོ་བའི་འདོད་པ་དག་གི་རྒྱབ་ནས་འབྲང་བ་རྣམས་ཀྱི་ཆེད་དུ་ནི། དེ་དག་གི་ལས་འབྲས་དེ་དག་གི་མགོར་འགེལ་བར་བྱའོ། ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎
༢༢ དེ་ནས་ཀེ་རུབ་རྣམས་ཀྱིས་རེ་རང་གི་ཤོག་པ་བཏེགས་པ་དང་། འཁོར་ལོ་རྣམས་ཀྱང་ལྷན་ཅིག་ཏུ་སོང་། དེ་དག་གི་སྟེང་དུ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་དཔལ་བརྗིད་ཡོད་པ་ཡིན། ༢༣ དེ་ནས་ཡ་ཧོ་ཝཱའི་དཔལ་བརྗིད་རྒྱལ་སའི་དབུས་ནས་ཡར་ཕགས་ཏེ། རྒྱལ་སའི་ཤར་གྱི་རིའི་ཁར་བཞུགས་སོ། ༢༤ མཐར་ཐུགས་ཉིད་ཀྱིས་བདག་ཡར་དྲངས་ནས། ཡ་ཧོ་ཝཱའི་ཐུགས་ཉིད་ཀྱིས་ཞལ་གཟིགས་ཀྱི་ནང་དུ། བདག་སླར་ཡང་ཀལ་དཱི་པའི་ཡུལ་དུ་གཉའ་ཡལ་རྣམས་ཀྱི་དྲུང་དུ་བསྐྱལ་བྱུང་། དེ་ནས་ངས་མཐོང་བའི་ཞལ་གཟིགས་དེ་ཡར་བཞུད་དོ། ༢༥ དེ་ནས་ཡ་ཧོ་ཝཱས་བདག་ལ་བསྟན་པ་ཐམས་ཅད་བདག་གིས་གཉའ་ཡལ་རྣམས་ལ་བཤད་པ་ཡིན་ནོ༎