༤༨
དེའང་སྡེ་སོ་སོའི་མིང་ནི་འདི་ལྟ་སྟེ། བྱང་གི་ཐ་མ་ནས་ཧེད་ལོན་ལམ་གྱི་ས་མཚམས་དང་། ཧ་མད་དུ་འགྲོ་བའི་ལམ་ནས་ཧ་ཚར་ཨེ་ནན་དང་། བྱང་དུ་ད་མཱ་སེག་མན་ཆོད་དང་། ཧ་མད་ས་མཚམས་བར་དུའོ། འདི་ནི་ཤར་ནས་ནུབ་ཀྱི་བར་དུ་དཱན་གྱི་སྐལ་བ་གཅིག་གི་ས་མཚམས་རྣམས་ཡིན། ༢ དཱན་གྱི་ས་མཚམས་དང་སྒྲིག་ནས། ཤར་ཕྱོགས་ནས་ནུབ་ཕྱོགས་བར་དུ་ཨ་ཤེར་ལ་སྐལ་བ་གཅིག ༣ ཡང་ཨ་ཤེར་གྱི་ས་སྐལ་དང་བཅེར་ནས། ཤར་ཕྱོགས་ནས་ནུབ་ཕྱོགས་བར་དུ་ནབ་ཐ་ལི་ལ་སྐལ་བ་གཅིག ༤ ཡང་ནབ་ཐ་ལིའི་ས་སྐལ་དང་བཅེར་ནས། ཤར་ཕྱོགས་ནས་ནུབ་ཕྱོགས་ཀྱི་བར་དུ་མ་ན་ཤེ་ལ་སྐལ་བ་གཅིག ༥ ཡང་མ་ན་ཤེའི་ས་སྐལ་དང་བཅེར་ནས། ཤར་ཕྱོགས་ནས་ནུབ་ཕྱོགས་ཀྱི་བར་དུ་ཨེབ་ར་ཨིམ་ལ་ས་སྐལ་གཅིག ༦ ཨེབ་ར་ཨིམ་གྱི་ས་སྐལ་དང་བཅེར་ནས། ཤར་ཕྱོགས་ནས་ནུབ་ཕྱོགས་ཀྱི་བར་དུ་རུ་བེན་ལ་ས་སྐལ་གཅིག ༧ ཡང་རུ་བེན་གྱི་ས་སྐལ་དང་བཅེར་ནས། ཤར་ཕྱོགས་ནས་ནུབ་ཕྱོགས་ཀྱི་བར་དུ་ཡ་ཧུ་དཱ་ལ་ས་སྐལ་གཅིག༨ ཡང་ཡ་ཧུ་དཱའི་ས་སྐལ་དང་བཅེར་ནས། ཤར་ཕྱོགས་ནས་ནུབ་ཕྱོགས་ཀྱི་བར་དུ་ཞེང་ཁྱད་དུ་སྟོང་ཕྲག་ཉེར་ལྔ་དང་། གཞན་སྐལ་བའི་ཤར་གྱི་ས་མཚམས་ནས་ནུབ་ཀྱི་ས་མཚམས་ཀྱི་རིང་ཐུང་འདྲ་བ་ཡོད་པ་ཞིག་ཁྱོད་ཚོས་འབུལ་རྒྱུའི་མཆོད་ཞིང་དང་། དབུས་སུ་གཙང་ཁང་ཡོད་པར་འགྱུར། ༩ ཁྱོད་ཚོས་ཡ་ཧོ་ཝཱ་ལ་འབུལ་རྒྱུའི་མཆོད་ཞིང་དེའི་རིང་དུ་སྟོང་ཕྲག་ཉེར་ལྔ་དང་། ཞེང་དུ་ཁྲི་ཁྲག་གཅིག་ཡོད་པར་དགོས། ༡༠ མཆོད་ཞིང་དམ་པ་འདི་ནི་བླ་མ་རྣམས་ཀྱི་དོན་དུ་ཡིན་པར་འགྱུར། བྱང་དུ་དེའི་རིང་ཁྱད་དུ་སྟོང་ཕྲག་ཉེར་ལྔ་དང་། ནུབ་ཕྱོགས་སུ་ཞེང་ཁྱད་ཁྲི་གཅིག་དང་། ཤར་དུ་ཞེང་ལ་ཁྲི་གཅིག ལྷོར་རིང་ཁྱད་དུ་སྟོང་ཕྲག་ཉེར་ལྔ་སྟེ། ཡ་ཧོ་ཝཱའི་གཙང་ཁང་དེའི་དབུས་སུ་ཡོད་པར་བྱའོ། ༡༡ འདི་ནི་ཙ་དོག་གི་བུ་བརྒྱུད་ཀྱི་ནང་ནས་དམ་པར་བྱས་པ་རྣམས་ཀྱིས་བདོག་པར་འགྱུར། དེ་རྣམས་ཀྱིས་ངའི་བཀའ་བསྲུངས་ཏེ། ལེ་ཝིའི་བུ་བརྒྱུད་ལམ་སྟོར་ཞིང་། ཨིས་ར་ཨེལ་གྱི་བུ་བརྒྱུད་ལམ་སྟོར་དུས་འདི་དག་ལམ་མ་ནོར་བ་ཡིན། ༡༢ ས་གཞི་ལས་མཆོད་པར་འབུལ་བའི་ས་ཆའི་ནང་ནས་ལེ་ཝི་པའི་ས་མཚམས་དང་ཉེ་བ་རབ་ཏུ་དམ་པ་འདི་ནི་དེ་དག་གི་ཡིན་པར་འགྱུར།
༡༣ ཡང་བླ་མའི་ས་མཚམས་ཀྱི་ཐད་ཀར་ལེ་ཝི་པར་རིང་དུ་སྟོང་ཕྲག་ཉེར་ལྔ་དང་། ཞེང་དུ་ཁྲི་ཕྲག་གཅིག་རྙེད་པར་འགྱུར་ཏེ། རིང་ཚང་པོ་ནི་སྟོང་ཕྲག་ཉེར་ལྔ་དང་། ཞེང་དུ་ཁྲི་ཕྲག་གཅིག་གོ། ༡༤ ཡང་དེའི་ནང་ནས་དེ་དག་གིས་ཅིའང་འཚོང་བའམ་བརྗེ་བར་མི་རུང་། ཞིང་གི་ཐོག་ཕུད་ཀྱང་གཞན་ལ་གཏོང་བར་མི་རུང་ངོ་། དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཡ་ཧོ་ཝཱའི་གནས་དམ་པ་ལགས་སོ༎
༡༥ ཡང་སྟོང་ཕྲག་ཉེར་ལྔའི་ཐད་དུ་ཡོད་པའི་ཞེང་གི་ནང་ནས་ཐལ་བའི་ལྔ་སྟོང་གི་ས་ཆ་དེ་ནི། གྲོང་ཁྱེར་དང་གནས་ས་དང་མཐའ་འཁོར་གྱི་སྤྱིའི་གནས་སུ་འགྱུར་ཞིང་། རྒྱལ་ས་ནི་དེའི་དབུས་སུ་ཡོད་པར་འགྱུར། ༡༦ ཡང་དེའི་རྒྱ་ཆེ་ཆུང་ནི། བྱང་དུ་བཏབ་ཚད་བཞི་སྟོང་ལྔ་དང་། ལྷོ་རུ་བཏབ་ཚད་བཞི་སྟོང་ལྔ་བརྒྱ་དང་། ཤར་དུ་བཏབ་ཚད་བཞི་སྟོང་ལྔ་བརྒྱ་དང་། ནུབ་ཏུ་བཏབ་ཚད་བཞི་སྟོང་ལྔ་བརྒྱའོ། ༡༧ ཡང་རྒྱལ་སའི་མཐའ་འཁོར་གྱི་ཐང་ག་ལ་བྱང་དུ་ཉིས་བརྒྱ་ལྔ་བཅུ། ལྷོ་རུ་ཉིས་བརྒྱ་ལྔ་བཅུ། ཤར་དུ་ཉིས་བརྒྱ་ལྔ་བཅུ། ནུབ་ཏུ་ཉིས་བརྒྱ་ལྔ་བཅུའོ། ༡༨ ཡང་གཙང་ཁང་གི་མཆོད་ཞིང་གི་ཐད་ཀར་རིང་ཐུང་གི་ནང་ནས་ཐལ་བ་ནི་ཤར་དུ་ཁྲི་ཕྲག་གཅིག ནུབ་ཏུ་ཁྲི་ཕྲག་གཅིག དེ་ནི་གཙང་ཁང་གི་མཆོད་ཞིང་གི་ཐད་དུ་ཡོད་པར་འགྱུར། དེའི་འཕེལ་ནི་རྒྱལ་ས་ནང་ཞབས་ཏོག་བྱེད་མཁན་གྱི་འཚོ་རྒྱགས་སུ་འགྱུར་བས། ༡༩ ཨིས་ར་ཨེལ་སྡེ་ཐམས་ཅད་ལས་རྒྱལ་སའི་ནང་ཞབས་ཏོག་བྱེད་མཁན་རྣམས་ཀྱིས་དེ་ལ་བདག་རྐྱེན་བྱེད་པར་བྱའོ༎
༢༠ མཆོད་ཞིང་ཧྲིལ་པོའི་རིང་དུ་སྟོང་ཕྲག་ཉེར་ལྔ་དང་། ཞེང་དུ་སྟོང་ཕྲག་ཉེར་ལྔ་ཡོད་པར་འགྱུར། ཁྱོད་ཅག་གིས་རྒྱལ་སའི་ས་ཆ་བཅས་མཆོད་ཞིང་དེ་གྲུ་བཞི་བྱས་ནས་བསྔོ་བར་བྱའོ། ༢༡ ཡང་མཆོད་ཞིང་དམ་པ་དང་རྒྱལ་སའི་ས་སྟོང་གི་གཡས་གཡོན་གཉིས་སུ། ཤར་ལ་མཆོད་ཞིང་གི་སྟོང་ཕྲག་ཉེར་ལྔའི་ཕྱོགས་དང་། ནུབ་ཏུ་སྟོང་ཕྲག་ཉེར་ལྔའི་ཐད་ཀར་མི་དཔོན་གྱི་སྐལ་བའི་ཐད་དུ་ཡོད་པའི་ས་ཆ་ལྷག་མ་དེ་ཡང་མི་དཔོན་གྱི་ཕྱིར་ཡིན་པར་འགྱུར་ཏེ། དེ་ནི་མཆོད་ཞིང་དམ་པར་འགྱུར་ཞིང་། ཕོ་བྲང་གི་གཙང་ཁང་ནི་དེའི་དབུས་སུ་ཡོད་པར་བྱའོ། ༢༢ ད་དུང་ལེ་ཝི་པའི་ས་སྐལ་ནས། མི་དཔོན་གྱི་ས་སྐལ་གྱི་དཀྱིལ་གྱི་རྒྱལ་སའི་ས་སྐལ་ནས། ཡ་ཧུ་དཱའི་ས་མཚམས་དང་བེན་ཡ་མིན་གྱི་ས་མཚམས་ཀྱི་བར་ལ་ཡོད་པ་དེ་ཡང་མི་དཔོན་གྱི་ཕྱིར་ཡིན་པར་འགྱུར།
༢༣ དེ་ལྟར་གཞན་སྡེ་རྣམས་ལ་ཡང་། ཤར་ཕྱོགས་ནས་ནུབ་ཕྱོགས་བར་བེན་ཡ་མིན་ལ་ས་སྐལ་གཅིག ༢༤ ཡང་བེན་ཡ་མིན་གྱི་ས་མཚམས་དང་བཅེར་ཏེ། ཤར་ཕྱོགས་ནས་ནུབ་ཕྱོགས་བར་དུ་ཤིམ་ཨོན་ལ་ས་སྐལ་གཅིག ༢༥ ཡང་ཤིམ་ཨོན་གྱི་ས་མཚམས་དང་བཅེར་ནས། ཤར་ཕྱོགས་ནས་ནུབ་ཕྱོགས་བར་ཨི་ས་གར་ལ་ས་སྐལ་གཅིག ༢༦ ཡང་ཨི་ས་གར་གྱི་ས་མཚམས་དང་བཅེར་ནས། ཤར་ཕྱོགས་ནས་ནུབ་ཕྱོགས་བར་དུ་ཟེ་བུ་ལོན་ལ་ས་སྐལ་གཅིག ༢༧ ཡང་ཟེ་བུ་ལོན་གྱི་ས་སྐལ་དང་བཅེར་ནས། ཤར་ཕྱོགས་ནས་ནུབ་ཕྱོགས་བར་དུ་གད་ལ་ས་སྐལ་གཅིག ༢༨ ཡང་གད་ཀྱི་ས་སྐལ་དང་བཅེར་ནས། ལྷོ་རུ་ཏ་མར་ནས། ཁ་དཱེས་ཀྱི་མེ་རི་བཱའི་ཆུ་རྣམས་ཀྱི་བར་ལྷོའི་ཐ་མའི་ས་མཚམས་ཀྱི་བར་དུ་དང་། གྲོག་པོ་དང་རྒྱ་མཚོ་ཆེན་པོའི་བར་དུ་ཡོད་པ་ཡིན། ༢༩ ཨིས་ར་ཨེལ་གྱི་སྡེ་སོ་སོར་རྟགས་རིལ་གྱིས་བགོ་བཤའ་རྒྱབ་བྱའི་ས་ཆ་འདི་ནི། དེ་དག་གི་ས་སྐལ་ལོ། ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎
༣༠ རྒྱལ་སའི་ནང་ནས་ཕྱི་རོལ་དུ་འཐོན་ས་ནི། བཏབ་ཚད་བཞི་སྟོང་ལྔ་བརྒྱའི་བྱང་ཕྱོགས་ཀྱི་རིང་དུ་ཡོད་དེ། ༣༡ རྒྱ་སྒོ་རྣམས་ལ་ཨིས་ར་ཨེལ་སྡེའི་མིང་བཞིན་གདགས་ཤིང་། བྱང་དུ་རུ་བེན་གྱི་སྒོ་གཅིག ཡ་ཧུ་དཱའི་སྒོ་གཅིག ལེ་ཝིའི་སྒོ་གཅིག་དང་གསུམ་མོའོ། ༣༢ ཡང་ཤར་དུ་བཏབ་ཚད་བཞི་སྟོང་ལྔ་བརྒྱ་རིང་དུ་ཡོད་དེ། ཡོ་སེབ་ཀྱི་སྒོ་གཅིག བེན་ཡ་མིན་གྱི་སྒོ་གཅིག དཱན་གྱི་སྒོ་གཅིག་དང་གསུམ་མོ། ༣༣ ཡང་ལྷོ་རུ་བཏབ་ཚད་བཞི་སྟོང་ལྔ་བརྒྱ་རིང་དུ་ཡོད་དེ། ཤིམ་ཨོན་གྱི་སྒོ་གཅིག ཨི་ས་གར་གྱི་སྒོ་གཅིག ཟེ་བུ་ལོན་གྱི་སྒོ་གཅིག་དང་སྒོ་གསུམ་མོ། ༣༤ ཡང་ནུབ་ཕྱོགས་སུ་བཏབ་ཚད་བཞི་སྟོང་ལྔ་བརྒྱ་རིང་དུ་ཡོད་དེ། གད་ཀྱི་སྒོ་གཅིག ཨ་ཤེར་གྱི་སྒོ་གཅིག་དང་། ནབ་ཐ་ལིའི་སྒོ་གཅིག་དང་སྒོ་གསུམ་སྟེ། ༣༥ དེའི་མཐའ་འཁོར་དུ་བཏབ་ཚད་སྟོང་ཕྲག་བཅོ་བརྒྱད་ཡོད་པ་ཡིན། ཉིན་མོ་དེ་ནས་བཟུང་སྟེ་རྒྱལ་ས་དེའི་མིང་དུ། ཡ་ཧོ་ཝཱ་དེར་བཞུགས་སོ། ཞེས་གདགས་སོ༎ ༎