༤༧
དེའི་འོག་ཏུ་སླར་དེས་ཕོ་བྲང་གི་སྒོར་ཁྲིད་པ་དང་། ཕོ་བྲང་གི་མདུན་ཕྱོགས་ཤར་དུ་ཡོད་དེ། ཕོ་བྲང་གི་མ་ཐེམ་གྱི་འོག་ནས་ཤར་དུ་ཆུ་རྣམས་འཐོན་ཏེ། ཆུ་དེ་རྣམས་ཕོ་བྲང་གི་གཡས་ཕྱོགས་ཀྱི་འོག་ནས་མཆོད་ཁྲིའི་ལྷོ་ཕྱོགས་ནས་འབྲུབ་པར་མཐོང་བྱུང་།  ཡང་དེས་ང་བྱང་སྒོ་ནས་ཕྱི་རོལ་དུ་ཁྱེར་ནས། ཤར་བལྟས་ཀྱི་ལམ་ཕྱི་མ་ལས་བསྐོར་ཏེ། ཕྱི་སྒོར་ཁྲིད་བྱུང་བ་དང་། ཀྱེ་ཧོ། དེར་གཡས་ཕྱོགས་ནས་ཆུ་རྣམས་འཐོན་གྱིན་འདུག  དེ་ནས་ལག་ནང་ཐིག་སྐུད་ཡོད་པའི་སྐྱེས་བུ་དེ་ཤར་ཕྱོགས་སུ་འཐོན་སོང་སྟེ། ཁྲུ་སྟོང་ཕྲག་གཅིག་བཅལ་ཏེ། བདག་ཆུ་རྣམས་ནས་ཁྲིད་དེ། ཆུ་རྣམས་ལོང་བུའི་བར་དུ་ཡོད་པ་ཡིན།  དེས་ཡང་སྟོང་ཕྲག་གཅིག་བཅལ་ནས། ཆུའི་ནང་ནས་བདག་ཕར་ཁྱེར་བ་དང་། པུས་མོའི་བར་དུ་ཆུ་ཡོད་པ་ཡིན། དེས་སླར་སྟོང་ཕྲག་གཅིག་བཅལ་ནས། བདག་ཆུ་དཀྱིལ་དུ་ཁྱེར་བྱུང་། ཆུ་རྐེད་ཚོད་ཡོད་པ་ཡིན།  དེའི་འོག་ཏུ་ཡང་སྟོང་ཕྲག་གཅིག་བཅལ་བ་དང་། དེ་ནི་བདག་རྒལ་མི་ནུས་པའི་གཙང་པོ་ཞིག་ཡོད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཆུ་དེ་རྣམས་འཕེལ་ཡོད་པས། རྐྱལ་ནུས་ཤིང་རྒལ་མི་ནུས་པའི་ཆུ་ཀླུང་ཞིག་ཡིན་པའི་ཕྱིར་རོ༎
 ཡང་དེས་ང་ལ། ཀྱེ་མིའི་བུ། ཁྱོད་ཀྱིས་འདི་མཐོང་ངམ་གསུངས་ནས། བདག་འཁྲིད་དེ་སླར་གཙང་པོའི་ཚུ་རོལ་དུ་བསྐྱལ་བྱུང་།  ང་དེར་ཕྱིར་ལོག་སླེབ་དུས་སུ། ཀྱེ་ཧོ། གཙང་པོའི་ཕར་ཚུར་གཉིས་པོའི་འགྲམ་ན་སྐྱེ་ཤིང་མང་པོ་ཡོད་པ་ཡིན།  དེ་ནས་དེས་ང་ལ། ཆུ་འདི་དག་ཤར་གྱི་ཡུལ་དུ་འབྲུབ་སྟེ། འབྲོག་སྟོང་ནས་འགྲོ་ཞིང་མཚོར་འབབ་ནས། མཚོར་འདྲེས་པ་ཙམ་གྱིས་དེ་སྨན་ཆུར་འགྱུར་བར་འགྱུར།  དེ་ནས་སྲོག་དང་ལྡན་པ་གང་རུང་ཚང་མ་གཙང་པོ་འདི་སླེབ་ས་ཀུན་ཏུ་གསོན་ཞིང་འགྲུལ་བར་འགྱུར་ཏེ། ཆུ་འདི་དེར་སླེབ་ནས་ཉ་འཕེལ་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། དེ་སྨན་ཆུར་འགྱུར་ཞིང་། གཙང་པོ་འདི་གར་སླེབ་ཚང་མར་ཐམས་ཅད་གསོན་པོར་འགྱུར་བར་འགྱུར་རོ། ༡༠ དེའི་འོག་ཏུ་ཨེན་གེ་དཱི་ནས་ཨེན་ཨེག་ལཱ་ཨིམ་གྱི་བར་དུ་དེའི་འགྲམ་ལ་ཉ་པ་རྣམས་འགྲེང་སྟེ་སྡོད་ཅིང་ཉ་དོལ་འགྲེམ་པའི་གནས་སུ་འགྱུར་ཏེ། དེ་དག་གི་ཉ་རྣམས་རེ་རང་གི་རིགས་བཞིན་དུ་རྒྱ་མཚོ་ཆེན་པོའི་ཉ་ལྟར་རབ་ཏུ་མང་པོ་ཡོད་པར་འགྱུར་གྱིས། ༡༡ དེའི་འདམ་རྫབ་ཀྱི་གནས་དང་བཞའ་རྣམས་སྨན་ཆུར་མ་འགྱུར་བར། ཚྭ་ཐང་དུ་འགྱུར་བར་འགྱར། ༡༢ ཡང་གཙང་པོ་དང་ཉེ་བར་འགྲམ་ཕར་ཚུར་གཉིས་པོར། ལོ་མ་ནམ་ཡང་མི་རྙེད་ཅིང་། འབྲས་བུ་ནམ་ཡང་མི་ཟིན་པའི་བཟས་ཤིང་གི་རིགས་སྣ་ཚོགས་སྐྱེ་བར་འགྱུར། དེ་དག་ལ་ཆུ་གཙང་ཁང་ནས་བྱུང་བས། རེ་རང་གི་ཟླ་རེ་བཞིན་དུ་འབྲས་བུ་གསར་པ་ཆགས་ཤིང་། དེ་དག་གི་འབྲས་བུ་ནི་ཁ་ཟས་དང་། ལོ་མ་ནི་སྨན་དུ་འགྱུར་བར་འགྱུར་རོ༎
༡༣ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཨིས་ར་ཨེལ་གྱི་སྡེ་བཅུ་གཉིས་ལ་རག་ལས་ནས། ཁྱོད་ཅག་གིས་བདག་གིར་བྱ་རྒྱུའི་ས་མཚམས་ནི་འདི་ལྟ་སྟེ། ཡོ་སེབ་ལ་ཉི་སྐལ་རྙེད་པར་བྱ། ༡༤ ཡང་ཁྱོད་རྣམས་གཅིག་དང་ས་སྐལ་འདྲ་འདྲ་བཟུང་ཞིག ངས་ཁྱོད་ཅག་གི་ཕ་མེས་ལ་འདི་སྦྱིན་པར་དབུ་མནའ་བཞེས་པས། ཡུལ་ཁམས་འདི་ཁྱོད་ཚོའི་ས་སྐལ་དུ་འབབ་པར་འགྱུར།
༡༥ ཡང་ཡུལ་གྱི་བྱང་ཕྱོགས་ཀྱི་ས་མཚམས་ནི་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོ་ནས་ཧེད་ལོན་ཞུགས་ནས་ཚེ་དཱད་ཀྱི་ལམ་དང་། ༡༦ ཧ་མདབེ་རོ་ཐཱད་མཱ་སེག་གི་ས་མཚམས་དང་། ཧ་མད་ཀྱི་ས་མཚམས་ཀྱི་དཀྱིལ་ན་ཡོད་པའི་སིབ་ར་ཨིམ་དང་། ཧོ་རན་གྱི་ཐ་མར་ཡོད་པའི་ཧ་ཚར་ཧད་ཏི་ཀོན་རྣམས་སོ། ༡༧ ཡང་རྒྱ་མཚོའི་ཕྱོགས་ཀྱི་ས་མཚམས་ནི། ཧ་ཚར་ཨེ་ནན་དང་། ད་མཱ་སེག་གི་ས་མཚམས་དང་། བྱང་དུ་བྱང་ཕྱོགས་དང་། ཧ་མད་ཀྱི་ས་མཚམས་སོ། འདི་ནི་བྱང་ཕྱོགས་ཀྱི་ས་མཚམས་ཡིན།
༡༨ ཡང་ཤར་ཕྱོགས་ཀྱི་ས་མཚམས་ནི། ཧོ་རན་དང་། ད་མཱ་སེག་དང་། གིལ་ཨད་དཀྱིལ་ནས་ཡོར་དན་འགྲམ་གྱི་ཨིས་ར་ཨེལ་ཡུལ་ནས་ཤར་གྱི་མཚོའི་འགྲམ་དུ་ཡོད་པའི་ས་མཚམས་ཀྱི་བར་དུ་ཁྱོད་ཀྱིས་འཇལ་བར་བྱ་སྟེ། འདི་ནི་ཤར་ཕྱོགས་ཀྱི་ས་མཚམས་ཡིན།
༡༩ ཡང་ལྷོ་ཕྱོགས་ཀྱི་ས་མཚམས་ནི་ལྷོར་འདི་ལྟ་སྟེ། ཏ་མར་ནས་ཁ་དཱེས་ཀྱི་མེ་རི་བཱའི་ཆུ་རྣམས་དང་། གྲོག་པོ་རྒྱད་རྒྱ་མཚོ་ཆེན་པོའི་བར་དུའོ། འདི་ནི་ལྷོ་ཕྱོགས་སུ་ལྷོའི་ས་མཚམས་སོ༎
༢༠ ཡང་ས་མཚམས་དེ་ནས་ཧ་མད་ཀྱི་མདུན་གྱི་མཚོ་ཆེན་པོ་ནི་ནུབ་ཀྱི་ས་མཚམས་ཏེ། འདི་ནི་ནུབ་ཀྱི་ས་མཚམས་སོ༎
༢༡ འདི་ལྟར་ཁྱོད་ཚོས་ཨིས་ར་ཨེལ་གྱི་སྡེ་སོ་སོར་རག་ལས་ནས། ཡུལ་ཁམས་འདི་ཁྱོད་རང་ནང་བགོ་བཤའ་རྒྱོབ་ཅིག ༢༢ ཡང་ཁྱོད་ཚོ་རང་དང་ཁྱོད་ཀྱི་ཁྲོད་ན་གནས་ཤིང་བུ་ཕྲུག་བཙས་པའི་མི་ཡན་ལའང་བགོ་སྐལ་རྙེད་དུ་རྟགས་རིལ་རྒྱབ་ཅིང་། དེ་རྣམས་ནི་ཁྱོད་ཅག་ལ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཁྲོད་ན་སྐྱེས་པའི་ཡུལ་གཅིག་པ་ལྟར་རྩི་ཞིང་། ཁྱོད་ཅག་དང་ལྷན་ཅིག་ཏུ་ཨིས་ར་ཨེལ་སྡེ་རྣམས་ཀྱི་ཁྲོད་དུ་ས་སྐལ་རྙེད་པར་འགྱུར། ༢༣ ཡང་གང་སྡེའི་ནང་ན་མི་ཡན་གནས་ཡོད་ན། དེར་ཁྱོད་ཚོས་དེ་ལ་ས་སྐལ་སྟེར་བར་བྱའོ། ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎