༤༦
ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ལས་བྱེད་བའི་ཞག་དྲུག་ནང་ཁྱམས་ནང་མའི་ཤར་ལྟས་ཀྱི་རྒྱ་སྒོ་དེ་གཅོད་པར་བྱའི། ཤབ་བཱད་ཞག་དང་། ཟླ་ཚེས་ཞག་ལ་དེ་འབྱེད་པར་བྱ་སྟེ།  མི་དཔོན་ནི་ཕྱི་སྒོ་དེའི་སྒོ་ཁང་ལས་ནང་དུ་འཛུལ་ཞིང་། རྒྱ་སྒོའི་ཀ་བའི་མདུན་དུ་འགྲེང་སྡོད་པ་དང་། བླ་མ་རྣམས་ཀྱི་དེའི་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་རྣམས་ཤོམ་པར་བྱ། ཡང་དེས་རྒྱ་སྒོའི་མ་ཐ་ཐེམ་ཁར་ཕྱག་བཙལ་ནས་ཕྱི་རོལ་དུ་འཐོན་པར་བྱའི། རྒྱ་སྒོ་ནི་དགོངས་མོའི་བར་དུ་གཅོད་པར་མི་བྱའོ།  ཡང་ཡུལ་མིས་རྒྱ་སྒོ་དེའི་སྒོར་ཤབ་བཱད་དང་ཟླ་ཚེས་ཀྱི་ཞག་རྣམས་ནང་ཡ་ཧོ་ཝཱའི་དྲུང་དུ་ཕྱག་འཚལ་བར་བྱའོ༎
 ཡང་མི་དཔོན་གྱིས་ཤབ་བཱད་ཞག་ཡ་ཧོ་ཝཱར་འབུལ་བའི་སྦྱིན་སྲེག་ནི་འདི་ལྟ་སྟེ། ལུ་གུ་སྐྱོན་མེད་དྲུག་དང་། ལུག་ཐུག་སྐྱོན་མེད་གཅིག་དང་།  ཞལ་ཟས་ཀྱི་མཆོད་པར་ལུག་ཐུག་གི་རྒྱབ་ནས་ཨེ་ཕ་གང་དང་། ལུ་གུའི་ཕྱིར་ཞལ་ཟས་ཀྱི་མཆོད་པ་དེས་གང་ལྕོགས་དང་། ཨེ་ཕ་གང་རེ་ལ་འབྲུ་མར་ཧིན་རེའོ།  ཡང་ཟླ་ཚེས་ཞག་གླང་གཞོན་སྐྱོན་མེད་ཅིག་དང་། ལུ་གུ་དྲུག ལུག་ཐུག་གཅིག་བཅས་ཚང་མ་སྐྱོན་མེད་ཡོད་པར་དགོས།  ཡང་དེས་ཞལ་ཟས་ཀྱང་ཤོམ་ཞིང་། གླང་གི་རྒྱབ་ནས་ཨེ་ཕ་གང་དང་། ལུག་ཐུག་གི་རྒྱབ་ནས་ཨེ་ཕ་གང་དང་། ལུ་གུ་རྣམས་ཀྱི་ཕྱིར་དེའི་ལག་པས་གང་ལྕོགས་དང་། ཨེ་ཕ་རེའི་རྒྱབ་ནས་འབྲུ་མར་ཧིན་རེ་རེ་འབུལ་བར་བྱའོ༎
 མི་དཔོན་ནང་དུ་འཛུལ་དུས་རྒྱ་སྒོའི་སྒོ་ཁང་ལས་ནང་དུ་འཛུལ་ཞིང་། དེ་ཀ་ནས་ཕྱིར་ཡང་འཐོན་པར་བྱའི།  ཡུལ་མི་རྣམས་དུས་ཆོད་སོ་སོར་ཡ་ཧོ་ཝཱའི་དྲུང་དུ་འོང་དུས་སུ། ཕྱག་འཚལ་དུ་བྱང་སྒོ་ནས་ནང་དུ་འཇུག་པ་རྣམས། ལྷོ་སྒོ་ནས་ཕྱི་རོལ་དུ་འཐོན་པར་བྱ། ཡང་ལྷོ་སྒོ་ནས་ནང་དུ་འཇུག་པ་རྣམས། བྱང་སྒོ་ནས་ཕྱི་རོལ་དུ་འཐོན་པར་བྱ་སྟེ། གང་རྒྱ་སྒོ་ལས་ནང་དུ་ཞུགས་པ་དེ་རང་ནས་ཕྱིར་མི་འཐོན་པར། ཐད་ཀྱི་རྒྱ་སྒོ་ལས་ཕྱིར་འཐོན་པར་བྱའོ། ༡༠ ཡང་དེ་དག་ནང་དུ་འགྲོ་དུས་མི་དཔོན་དཀྱིལ་དུ་བཅུག་ནས་འགྲོ་བར་བྱ། ཕྱིར་འཐོན་དུས་སུའང་དེ་མཉམ་འཐོན་པར་དགོས།
༡༡ དུས་ཆེན་རྣམས་དང་། དུས་མཆོད་རྣམས་སུ་ཞལ་ཟས་ཀྱི་མཆོད་པར་གླང་གི་རྒྱབ་ནས་ཨེ་ཕ་གང་དང་། ལུག་ཐུག་གི་རྒྱབ་ནས་ཨེ་ཕ་གང་དང་། ལུ་གུ་རྣམས་ཀྱི་རྒྱབ་ནས་གང་ལྕོགས་དང་། ཨེ་ཕ་རེའི་རྒྱབ་ནས་འབྲུ་མར་ཧིན་རེ་ཡོད་པར་དགོས། ༡༢ ཡང་ནམ་མི་དཔོན་དེས་རང་དགའ་བའི་སྦྱིན་སྲེག་གི་མཆོད་པ་ཤོམ་པའམ། རང་དགའ་བའི་ཞི་བདེའི་མཆོད་པ་རྣམས་ཡ་ཧོ་ཝཱར་འབུལ་དུས་སུ། དེའི་ཕྱིར་ཤར་ལྟས་ཀྱི་སྒོ་དེ་འབྱེད་པར་བྱ། ཡང་དེས་རང་གི་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་རྣམས་ཤབ་བཱད་ཞག་བྱས་པའི་ཚུལ་གྱིས་བཤམས་ནས། ཕྱིར་འཐོན་ནས། དེ་ཕྱིན་པའི་འོག་ཏུ་རྒྱ་སྒོ་དེ་གཅོད་པར་བྱའོ༎
༡༣ ཡང་ཁྱོད་ཀྱིས་ཉིན་རེ་བཞིན་ལོ་འཁོར་གྱི་ལུ་གུ་སྐྱོན་མེད་གཅིག་ཡ་ཧོ་ཝཱར་སྦྱིན་སྲེག་ཏུ་མཆོད་པར་བྱ་སྟེ། སྔ་དྲོ་རེ་བཞིན་དེ་ཤོམ་དགོས། ༡༤ ཡང་དེའི་དོན་དུ་སྔ་དྲོ་རེ་བཞིན་ཞལ་ཟས་སུ་ཨེ་ཕ་དྲུག་ཟུར་དང་། རྒྱ་ཞིབ་ལ་སྲེ་བར་ཧིན་གསུམ་ཆ་ཞིག་རྒྱུན་གྱི་བཀའ་སྲོལ་བཞིན་དུ། འདི་ནི་རྒྱུན་གྱི་ཞལ་ཟས་སུ་ཤོམ་པར་དགོས། ༡༥ འདི་ཀ་ལྟར་དུ་ལུ་གུ་དང་ཞལ་ཟས་དང་འབྲུ་མར་སྔ་དྲོ་རེ་བཞིན་རྒྱུན་གྱི་སྦྱིན་སྲེག་ལ་འབུལ་བར་བྱའོ༎
༡༦ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཇི་སྟེ་མི་དཔོན་གྱིས་རང་གི་བུའི་ནང་ནས་གཅིག་ལ་སྦྱིན་ན། ས་སྐལ་དེ་ནི་དེའི་བུ་རྣམས་ལ་ཐོབ་ཅིང་། ཕ་ནོར་ལྟར་དེ་དག་གིས་བདག་གིར་བྱའོ། ༡༧ འོན་ཀྱང་དེས་རང་གི་བྲན་པོའི་ནང་ནས་གཅིག་ལ་སྦྱིན་ན། དེ་ཐར་བའི་ལོའི་བར་དུ་དེ་ལ་གནས་ཏེ། དེའི་རྗེས་སུ་མི་དཔོན་རང་ལ་ལོག་པར་འགྱུར། འོན་ཀྱང་དེ་རང་གི་ཕ་ནོར་ནི་བུར་ཐོབ་པར་འགྱུར། ༡༨ ཡང་མི་དཔོན་གྱིས་དབང་གིས་མི་སྡེ་རང་གི་ས་སྐལ་ལས་མི་འབྱིན་པའི་དོན་དུ། དེ་དག་གི་ནོར་སྐལ་བླང་བར་མི་རིགས་ཏེ། ངའི་མི་སྡེ་ཚང་མ་རེ་རང་གི་ས་སྐལ་ལས་མི་འཐོར་བའི་ཕྱིར་དུ། དེས་རང་གི་ནོར་སྐལ་ལས་རང་གི་བུ་རྣམས་ལ་ས་སྐལ་སྦྱིན་པར་བྱའོ༎
༡༩ དེ་ནས་དེས་ང་རྒྱ་སྒོའི་འགྲམ་ན་ཡོད་པའི་སྒོར་འཁྲིད་ཅིང་། བྱང་ལྟས་ཀྱི་བླ་མའི་ནང་ཆུང་དམ་པ་རྣམས་ནང་ཁྱེར་བྱུང་བ་དང་། ཀྱེ་ཧོ། ནུབ་ཀྱི་གྲུའི་ཕར་ན་ས་སྟོང་རེ་ཡོད་པ་ཡིན། ༢༠ ཡང་དེས་ང་ལ། མི་སྡེ་དམ་པར་མི་འགྱུར་དུ་ཁྱམས་ཀྱི་ཕྱིར་མར་འཁྱེར་མི་དགོས་པའི་ཕྱིར་བླ་མ་རྣམས་ཀྱིས་འགལ་རྐྱེན་གྱི་མཆོད་པ་དང་སྡིག་པའི་མཆོད་པ་གཡོ་བ་དང་། ཞལ་ཟས་འཚོད་པའི་ས་ཆ་དེ་ཡིན་ནོ་གསུངས་ནས།
༢༡ དེས་ང་ཁྱམས་ཕྱི་མར་ཁྱེར་ནས། ཁྱམས་ཀྱི་གྲུ་བཞི་པོར་བདག་ཁྲིད་བྱུང་བ་དང་། ཀྱེ་ཧོ། ཁྱམས་ཀྱི་གྲུ་རེ་རེར་ཚོམས་རེ་རེ་ཡོད་པ་ཡིན། ༢༢ ཁྱམས་ཀྱི་གྲུ་བཞི་ན། རིང་ཁྱད་ཁྲུ་བཞི་བཅུ་དང་། ཞེང་ཁྱད་ཁྲུ་སུམ་ཅུ་པའི་ཚོམས་དུད་ཁུང་དང་ལྡན་པ་རེ་རེ་ཡོད་དེ། གྲུ་ལ་ཡོད་པ་འདི་དག་གི་ཆེ་ཆུང་གི་ཚད་གཅིག་པ་ཡིན་ཏེ། ༢༣ དེ་དག་བཞི་པོའི་ཕྱོགས་བཞིར་མཐའ་འཁོར་དུ་རྩིག་པ་ཞིག་ཡོད་པ་ཡིན། ༢༤ དེ་ནས་དེས་ང་ལ། འདི་རྣམས་ཕོ་བྲང་གི་ཞབས་ཏོག་པ་རྣམས་ཀྱིས་མི་སྡེའི་མཆོད་པ་གཡོ་བའི་གསོལ་དཔོན་རྣམས་ཀྱི་གནས་ཡིན་ནོ། ཞེས་གསུངས་སོ༎