༤༥
ཡང་ཁྱོད་ཚོས་རྒྱན་རྒྱབ་ནས། རེ་རེ་ལ་ས་སྐལ་ཕ་ནོར་ལ་རྙེད་དུ་ས་གཞི་ལ་བགོ་བཤའ་རྒྱབ་དུས་སུ། དམ་པར་འགྱུར་དུ་ཡུལ་གྱི་ནང་ནས་ས་སྐལ་ཞིག་ཡ་ཧོ་ཝཱ་ལ་མཆོད་ཞིང་དུ་ཕུལ་ཞིག དེའི་རིང་དུ་ཁྲུ་སྟོང་ཕྲག་ཉེར་ལྔ་དང་། ཞེང་དུ་ཁྲི་ཕྲག་གཅིག་ཡོད་པར་དགོས། ཡང་དེའི་ཕྱོགས་བཞིའི་ས་ཚིགས་ཚང་མ་ཡང་དམ་པར་འགྱུར་བར་འགྱུར།  ཡང་དེའི་ནང་ནས་ཞེང་རིང་གཉིས་པོར་ལྔ་བརྒྱ་ལྔ་བརྒྱ་ཕྱོགས་བཞི་པོ་འདྲ་འདྲ་ཡོད་པ་ཞིག་གཙང་ཁང་གི་དོན་དུ་འཇོག་པར་བྱ་སྟེ། དེའི་ས་ཚིགས་ཀྱི་དོན་དུ་ཕྱོགས་བཞི་པོར་ཁྲུ་ལྔ་བཅུའི་ས་ཆ་ཞིག་ཡོད་པར་བྱའོ།  ཡང་ཁྱོད་ཀྱིས་བཏབ་པ་འདི་ལ་རིང་དུ་སྟོང་ཕྲག་ཉེར་ལྔ་དང་ཞེང་དུ་ཁྲི་གཅིག་འཇལ་བར་བྱ་སྟེ། འདིའི་ནང་ན་གཙང་ཁང་དམ་པའི་དམ་པ་དེ་ཡོད་པར་འགྱུར།  ཡུལ་གྱི་ས་སྐལ་དམ་པ་དེ་ནི། གཙང་ཁང་ལ་བདག་རྐྱེན་དང་། ཡ་ཧོ་ཝཱ་དང་ཉེ་བར་ཞབས་ཏོག་ཞུ་རུ་འོང་བའི་བླ་མ་རྣམས་ཀྱི་ཕྱིར་ཡིན་པར་འགྱུར་ཏེ། དེ་ནི་དེ་དག་གི་ཁྱིམ་རྣམས་དང་། གཙང་ཁང་གི་ཕྱིར་གནས་དམ་པ་ཞིག་ཏུ་འགྱུར་བར་འགྱུར།
 རིང་དུ་སྟོང་ཕྲག་ཉེར་ལྔ་དང་། ཞེང་དུ་ཁྲི་གཅིག་ཡོད་པའི་གྲོང་ཁྱེར་ཉི་ཤུའི་ས་ཆ་དེ་ནི་ཕོ་བྲང་ལ་བདག་རྐྱེན་བྱེད་པའི་ལེ་ཝི་པ་རང་གི་ས་སྐལ་ཡིན་པར་འགྱུར།
 ཡང་ཁྱོད་ཀྱིས་གྲོང་ཁྱེར་གྱི་ས་ཆ་ཞེང་དུ་སྟོང་ལྔ་དང་རིང་དུ་སྟོང་ཉེར་ལྔ་ཡོད་པ་དེ་དམ་པའི་མཆོད་ཞིང་གི་ས་ཆ་དང་སྒྲིག་ནས་བྱོས་ཤིག དེ་ནི་ཨིས་ར་ཨེལ་ཕ་སྤད་ཚང་མའི་ཕྱིར་ཡིན་པར་འགྱུར།
 མཆོད་ཞིང་དམ་པའི་གཡས་གཡོན་དུ། གྲོང་ཁྱེར་གྱི་ས་ཆའི་ཕྱོགས་ན། མཆོད་ཞིང་དམ་པའི་མདུན་ཕྱོགས་དང་། གྲོང་ཁྱེར་གྱི་ས་ཆའི་མདུན་ལ། ནུབ་ཕྱོགས་ནས་ཤར་ཀྱག ཤར་རེ་ནུབ་དང་། ཤར་ཕྱོགས་ནས་ཤར་ཀྱག་ཤར་དུ་རྒྱལ་པོའི་ཕྱིར་ཡིན་པར་འགྱུར། དེའི་རིང་ཁྱད་ནི། ནུབ་ཀྱི་ས་ཚིགས་ནས་ཤར་གྱི་ས་ཚིགས་ཀྱི་བར་དུ། ས་ཆའི་ཁག་རྣམས་ཀྱི་ཐད་དུ་ཡོད་པར་དགོས།  ཨིས་ར་ཨེལ་ནང་དེ་ལ་འདི་འདྲའི་ས་སྐལ་ཡུལ་ནང་ཐོབ་པར་འགྱུར། དེ་ནས་ངས་བསྐོས་པའི་རྒྱལ་པོ་ཚོས་སླར་ངའི་མི་སྡེ་ལ་དབང་ཤེད་མི་བྱ་སྟེ། ས་ཆ་ལྷག་མ་ནི་ཨིས་ར་ཨེལ་ཕ་སྤད་ལ། སྡེ་སོ་སོ་ལྟར་སྦྱིན་པར་འགྱུར་རོ༎
 ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཀྱེ་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས། ད་ཁྱོད་ཚད། དབང་ཤེད་དང་། འཕྲོག་ཆོམ་སྤོང་ཞིང་། གཤགས་དང་། ཁྲིམས་དྲང་པོར་སྤྱོད་ཅིང་། ངའི་མི་སྡེ་འཇོམ་པ་དེ་བར་ཆོད་ཅིག ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་། ༡༠ ཁྱོད་ཚོས་ཉ་ག་ཚད་ལྡན་དང་། ཨེ་ཕ་ཚད་ལྡན་དང་། བད་ཚད་ལྡན་འཇོག་དགོས། ༡༡ ཨེ་ཕ་དང་བད་གཉིས་ཀྱི་ཚད་འདྲ། བད་ནང་ཧོ་མེར་གྱི་བཅུ་ཆ་རེ་དང་། ཨེ་ཕའི་ནང་དུའང་ཧོ་མེར་གྱི་བཅུ་ཆ་རེ་ཤོང་དགོས་ཏེ། བཏབ་ཚད་དེ་ཧོ་མེར་གྱི་ཚད་དང་བསྟུན་ཏེ་ཡོད་པར་དགོས། ༡༢ ཡང་གེ་རཱ་ཉི་ཤུའི་ཤེ་ཀེལ་དང་། ཁྱོད་ཀྱི་མ་ནེ་ནི་ཤེ་ཀེལ་ཉི་ཤུ་པ་དང་། ཤེ་ཀེལ་ཉེར་ལྔ་པ་དང་། ཤེ་ཀེལ་བཅོ་ལྔ་པ་ཡོད་པར་བྱའོ༎
༡༣ ཡང་ཁྱོད་ཅག་གིས་འབུལ་བྱའི་འབུལ་བ་ནི་འདི་ལྟ་སྟེ། གྲོའི་ཧོ་མེར་རེ་ལ་ཨེ་ཕའི་དྲུག་ཆ་དང་། ནས་ཀྱི་ཧོ་མེར་རེ་ལ་ཨེ་ཕའི་དྲུག་ཆའོ། ༡༤ ཡང་འབྲུ་མར་རམ། འབྲུ་མར་གྱི་བད་ཀྱི་བྱ་བཞག་ནི་འདི་ལྟར་སྟེ། བད་བཅུའི་ཧོ་མེར་རམ་ཀོར་རེའི་ནང་ནས་བཅུ་ཆ་གཅིག་འབུལ་བར་དགོས། ༡༥ ཡང་དེ་དག་སྡུམ་པའི་ཕྱིར་ཁྱུའི་ནང་ནས་ཉིས་བརྒྱའི་རྒྱབ་ནས། ཨིས་ར་ཨེལ་གྱི་རྩྭ་ཁ་གཤིན་པོ་ལས་ལུ་གུ་རེ་རེ་ཞལ་ཟས་དང་། སྦྱིན་སྲེག་དང་། ཞི་བདེའི་མཆོད་པ་རྣམས་ཀྱི་ཕྱིར་འབུལ་བར་བྱའོ། ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་། ༡༦ ཡུལ་མི་ཀུན་གྱིས་ཨིས་ར་ཨེལ་གྱི་མི་དཔོན་ལ་འབུལ་བ་འདི་འབུལ་བར་བྱ། ༡༧ ཡང་སྦྱིན་སྲེག་དང་། ཞལ་ཟས་དང་། གསེར་སྐྱེམས་རྣམས། དུས་ཆེན་དང་། ཟླ་ཚེས་དང་། ཤབ་བཱད་དང་། ཨིས་ར་ཨེལ་ཕ་སྤད་ཀྱི་དུས་མཆོད་ཐམས་ཅད་ཀྱི་དུས་སུ་གཏོང་བའི་ཁག་མི་དཔོན་ལ་ཡིན། དེས་ནི་སྡིག་པའི་མཆོད་པ་དང་། ཞལ་ཟས་དང་། སྦྱིན་སྲེག་དང་། ཞི་བདེའི་མཆོད་པ་རྣམས་ཨིས་ར་ཨེལ་ཕ་སྤད་སྡུམ་པའི་ཕྱིར་ཤོམ་པར་བྱའོ༎
༡༨ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཟླ་བ་དང་པོའི་ཚེས་གཅིག་ཞག་གླང་གཞོན་སྐྱོན་མེད་ཅིག་བླངས་ཏེ། གཙང་ཁང་ལ་གཙང་སྦྲ་བྱོས་ཤིག ༡༩ བླ་མས་སྡིག་པའི་མཆོད་པའི་ཁྲག་བླངས་ནས། ཕོ་བྲང་གི་སྒོའི་རི་བཞི་རྣམས་དང་། མཆོད་ཁྲིའི་ཞབས་གདན་གྱི་གྲུ་བཞི་པོ་དང་། ཁྱམས་ནང་མའི་སྒོའི་རི་བཞི་རྣམས་ལ་འབྱུག་པར་བྱ། ༢༠ ཡང་ཚུལ་འདི་ཀ་ལྟར་ཟླ་བའི་ཚེས་བདུན་པར་ཕྱུགས་མཁན་དང་མི་བློ་རྨོངས་པ་ཐམས་ཅད་ཀྱི་དོན་དུ་བྱའོ། དེ་ལྟར་ཕོ་བྲང་སྡུམ་པར་བྱེད་དགོས།
༢༡ ཟླ་བ་དང་པོའི་ཚེས་བཅུ་བཞི་ནས་ཞག་བདུན་པེ་སག་གི་དུས་ཆེན་བྱེད་དེ། སྐྱ་ཁུར་ཟ་བར་བྱ། ༢༢ ཉིན་དེར་མི་དཔོན་གྱིས་རང་དང་ཡུལ་གྱི་མི་སྡེ་ཚང་མའི་དོན་དུ་སྡིག་པའི་མཆོད་པར་གླང་ཞིག་ཤོམ་པར་བྱ་སྟེ། ༢༣ དུས་ཆེན་གྱི་ཞག་བདུན་པར་ཞག་རེ་བཞིན་ཉི་མ་བདུན་དུ་སྐྱོན་མེད་པའི་གླང་བདུན་དང་། ལུག་ཐུག་བདུན་ཡ་ཧོ་ཝཱར་སྦྱིན་སྲེག་གི་ཕྱིར་ཤོམ་པར་བྱའོ། ཡང་སྡིག་པའི་མཆོད་པར་ཞག་རེ་བཞིན་ར་ཐུག་ཅིག་འབུལ་བར་བྱ། ༢༤ ཡང་གླང་རེ་དང་ལུག་ཐུག་རེའི་རྒྱབ་ནས་ཨེ་ཕ་གང་གི་ཞལ་ཟས་དང་། ཨེ་ཕ་རེའི་རྒྱབ་ནས་འབྲུ་མར་ཧིན་གང་ཤོམ་པར་བྱ།
༢༥ ཟླ་བ་བདུན་པའི་ཚེས་བཅོ་ལྔ་དང་། ཞག་བདུན་གྱི་དུས་ཆེན་ལའང་གོང་ལྟར། དེས་སྡིག་པའི་མཆོད་པ་དང་། སྦྱིན་སྲེག་དང་། ཞལ་ཟས་དང་། འབྲུ་མར་ཤོམ་པར་བྱའོ༎