༤༤
དེ་ནས་དེས་ང་གཙང་ཁང་གི་ཕྱི་སྒོ་ཤར་ལྟས་ཀྱི་དྲུང་དུ་སླར་ཁྱེར་བ་དང་། སྒོ་དེ་བཅད་ཡོད་པ་ཡིན། ༢ དེ་ནས་ཡ་ཧོ་ཝཱས་ང་ལ། རྒྱ་སྒོ་འདི་བཅད་བཞིན་ལུས་ཏེ་མི་འབྱེད་པར། མི་གང་ཡང་དེ་ལས་ནང་དུ་འཇུགས་པར་མི་འགྱུར། གང་ལ་ཞེ་ན། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་སྒོ་དེ་ནས་ནང་དུ་ཕེབས་པས། བཅད་བཞིན་ལུས་པར་འགྱུར། ༣ འོན་ཀྱང་དེ་ནི་མི་དཔོན་གཅིག་འབའ་ཞིག་གི་ཕྱིར་ཡིན་ཏེ། མི་དཔོན་དེ་ཡ་ཧོ་ཝཱའི་ཞལ་ངོར་བག་ལེབ་ཟ་བར་དེའི་ནང་དུ་སྡོད་པའི་རིགས། དེ་ནི་རྒྱ་སྒོ་དེའི་སྒོ་ཁང་ལས་ནང་དུ་འཛུལ་ཞིང་། ལམ་དེ་ཀ་ནས་ཕྱི་རོལ་དུའང་འཐོན་པར་རུང་ངོ་གསུངས།༤ དེ་ནས་དེས་ང་ཕོ་བྲང་གི་བྱང་སྒོ་ལས་ཕོ་བྲང་གི་མདུན་ཕྱོགས་སུ་ཁྱེར་ནས། ངས་བལྟས་པ་དང་། ཀྱེ་ཧོ། ཡ་ཧོ་ཝཱའི་གཟི་བརྗིད་ཀྱིས་ཡ་ཧོ་ཝཱའི་ཕོ་བྲང་ཁེངས་པ་དང་། ང་ཁ་འབུབ་ཏུ་གྱེལ་བྱུང་། ༥ དེ་ནས་ཡ་ཧོ་ཝཱས་ང་ལ་གསུངས་པ། ཀྱེ་མིའི་བུ། ཡིད་གཞུང་ཞིང་། མིག་གིས་ལྟོས་དང་། རྣ་བས་ཡ་ཧོ་ཝཱའི་ཕོ་བྲང་གི་ལུགས་སྲོལ་ཚང་མ་དང་། དེའི་སྤྱད་མཚམས་ཚང་མ་ལ་རག་ལས་ནས། ངས་ཁྱོད་ལ་སྒོ་བ་ཐམས་ཅད་ཉོན་ཞིག ཡང་ཕོ་བྲང་ནང་འཇུག་ས་དང་། གཙང་ཁང་ནས་འཐོན་ས་ཚང་མར་སྣང་རྟགས་བྱོས་ཤིག ༦ ཡང་ཨིས་ར་ཨེལ་ཕ་སྤད་ངོ་ལོག་བྱེད་པ་ལ་འདི་ལྟར་སྒོ་ཞིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཀྱེ་ཨིས་ར་ཨེལ་ཕ་སྤད། ད་ཁྱོད་རང་གི་བྱ་བ་ཞེན་ལོག་འདི་ཀུན་ལ་རང་ཚོད་འཛིན་ཞིག ༧ ཁྱོད་རྣམས་ཀྱིས་ངའི་བག་ལེབ་དང་། ཚིལ་དང་ཁྲག་འབུལ་དུས་སུ། སྙིང་གི་མདུན་ལྤགས་དང་ཤའི་མདུན་ལྤགས་མ་བཅད་པའི་ཕྱི་པ་རྣམས་ངའི་གཙང་ཁང་ནས། ངའི་ཕོ་བྲང་བརླགས་འཇུག་པ་དང་། དེར་སྡོད་པའི་ཕྱིར་ནང་དུ་དྲངས་ནས། ཁྱོད་རྣམས་ཀྱི་ཞེན་ལོག་ཐམས་ཅད་ཀྱི་སྣོན་མར་ངའི་ཞལ་ཆད་ཀྱང་བཅག་པ་ཡིན། ༨ ཡང་ཁྱོད་ཚོས་ངའི་རྫས་དམ་པ་རྣམས་མི་སྲུང་བའི་ཁར། ངའི་རྫས་ཀྱི་གཉེར་པར་གཞན་མི་རྣམས་ངའི་གཙང་ཁང་དུ་བསྐོས་སོ༎
༩ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཨིས་ར་ཨེལ་བུ་བརྒྱུད་ཀྱི་ཁྲོད་ན་ཡོད་པའི་ཕྱི་མི་སྙིང་གི་མདུན་ལྤགས་མ་བཅད་པ་དང་ཤའི་མདུན་ལྤགས་མ་བཅད་པའི་ཕྱི་མི་གང་ཡང་ངའི་གཙང་ཁང་འཇུག་པར་མི་འགྱུར་བ་མ་ཟད། ༡༠ ཨིས་ར་ཨེལ་རང་གི་སྐུ་འདྲའི་རྗེས་སུ་བྲངས་ཏེ། ལམ་སྟོར་དུས་སུ། ང་ལས་འཁྱར་སོང་བའི་ལེ་ཝི་པ་རྣམས་ཀྱིས་རང་གི་མི་དགེ་བ་འཁུར་བར་འགྱུར། ༡༡ དེའི་སྟེང་དུའང་དེ་ཚོས་ངའི་གཙང་ཁང་ལ་ཞབས་ཏོག་བྱེད་ཅིང་། ངའི་ཕོ་བྲང་གི་རྒྱ་སྒོ་དག་ལ་ལྟ་ཞིང་། ཕོ་བྲང་ལ་བདག་རྐྱེན་བྱེད་དེ། མི་སྡེའི་དོན་དུ་སྦྱིན་སྲེག་གི་མཆོད་པ་རྣམས་དང་། མཆོད་ལུག་རྣམས་གསོད་ཅིང་། མི་སྡེར་ཞབས་ཏོག་བྱེད་དུ་དེ་དག་གི་མདུན་དུ་འགྲེང་སྡོད་པར་འགྱུར། ༡༢ དེའང་འདི་དག་གིས་མི་སྡེའི་དོན་དུ་སྐུ་འདྲའི་མདུན་དུ་ཞབས་ཏོག་བྱས་ཏེ། ཨིས་ར་ཨེལ་ཕ་སྤད་ངན་པའི་ནང་དུ་ལྷུང་བཅུག་པས། ངས་འདི་དག་གི་ཐོག་ཏུ་ཉིད་ཀྱི་ཕྱག་བཏེགས་པ་ཡིན། ཡ་ཧོ་ཝཱ་གཙོ་བོས་གསུང་། འདི་ཚོས་རང་གི་མི་དགེ་བ་འཁུར་བར་འགྱུར། ༡༣ དེ་ནས་འདི་དག་གིས་ངའི་དྲུང་དུ་བླ་མའི་ལས་བྱེད་པའམ། ངའི་རྫས་དམ་པའི་འཁོར་དང་དམ་པའི་དམ་པར་མི་སླེབ་ཀྱིས། རང་གི་ངོ་ཚ་དང་། རང་གི་བྱས་པའི་བྱ་བ་ཞེན་ལོག་རྣམས་ཐོགས་པར་འགྱུར། ༡༤ དེ་ནས་ཀྱང་འདི་དག་ཕོ་བྲང་གི་ཁང་སྲུང་བྱེད་པ་དང་། དེའི་ཞབས་ཏོག་ཚང་མ་དང་། དེ་ནང་བྱེད་དགོས་པའི་ལས་ཀུན་བྱེད་དུ་སྐོ་བར་བྱ།
༡༥ འོན་ཀྱང་ཨིས་ར་ཨེལ་གྱི་བུ་རྣམས་ང་ལས་འཁྱར་སོང་དུས། ངའི་གཙང་ཁང་གི་གཉེར་ཁ་བྱས་པའི་ལེ་ཝི་པའི་བླ་མ་ཙ་དོག་གི་བུ་རྣམས་ཀྱིས་ངའི་ཞལ་ངོར་ཚིལ་དང་ཁྲག་འབུལ་ཞིང་། ང་ལ་ཞབས་ཏོག་བྱེད་དུ་ང་དང་ཉེ་བར་འོང་ཞིང་། ངའི་སྤྱན་སྔར་འགྲེང་སྡོད་པར་འགྱུར་རོ། ཡ་ཧོ་ཝཱ་གཙོ་བོས་གསུང་། ༡༦ དེ་དག་ངའི་གཙང་ཁང་ནང་འཛུལ་ཞིང་། ཞབས་ཏོག་བྱེད་དུ་ངའི་གསོལ་ལྕོག་དྲུང་འོང་ཞིང་། ངའི་གཉེར་པར་འགྱུར་འོང་།
༡༧ ཡང་དེ་དག་ཁྱམས་ནང་མའི་རྒྱ་སྒོ་ནས་ནང་དུ་འཇུག་དུས་སུ། ཀ་ཤི་ཀའི་བེར་གྱོན་ཏེ་འོང་བར་བྱ། ཁྱམས་ནང་མའི་རྒྱ་སྒོ་རྣམས་དང་། ནང་དུ་ཞབས་ཏོག་བྱེད་དུས་དེ་དག་གིས་སྣམ་བུ་གྱོན་པར་མི་བྱ་སྟེ། ༡༨ དེ་དག་གི་མགོར་ཀ་ཤི་ཀའི་ཞྭ་མོ་དང་། རྐེད་པ་ལ་ཀ་ཤི་ཀའི་རྐང་སྣམ་གྱོན་ཞིང་། རྔུལ་དུ་འཇུག་པ་གང་ཡང་རང་གི་རྐེད་པ་ལ་དཀྲི་བར་མི་རུང་། ༡༩ ཡང་ཁྱམས་ཕྱི་མར་མི་སྡེའི་རྩར་ཕྱི་མའི་ཁྱམས་ནང་འཐོན་དུས། རང་གི་ཞབས་ཏོག་གི་བེར་དེ་འབུད་ཅིང་། ནང་ཆུང་དམ་པ་རྣམས་ནང་འཇོག་ཅིག གོས་གཞན་གྱོན་པར་བྱ། རང་གི་གོས་གྱོན་བཞིན་དུ་མི་སྡེ་དམ་པར་བྱེད་པའི་མི་རིགས། ༢༠ རང་གི་མགོའི་སྐྲ་ཡང་བཞར་བར་མི་བྱ། སྐྲ་རིང་དུ་སྐྱེ་རུ་ཡང་མི་འཇུག་པར། རང་གི་སྐྲ་འགྲུམ་པར་བྱའོ། ༢༡ ཡང་དེ་དག་ཁྱམས་ནང་མར་འཛུལ་དུས། བླ་མ་གང་གིས་ཀྱང་རྒུན་ཆང་འཐུང་བར་མི་བྱའོ། ༢༢ ཡང་དེ་དག་གིས་ཁྱོ་ཤི་བའི་བུད་མེད་དང་། བཅད་མཁན་ཞིག་ཆུང་མར་མི་བླང་གིས། ཨིས་ར་ཨེལ་གྱི་བརྒྱུད་ཀྱི་ན་ཆུང་དང་བླ་མ་ཤི་བའི་ཆུང་མ་བླང་བར་བྱའོ། ༢༣ ཡང་དེ་དག་གིས་ངའི་མི་སྡེ་ལ་རྨེ་གཙང་གི་ཤན་འབྱེད་དུ། དེ་དག་ལ་རྨེ་གཙང་གི་ཁྱད་སྟོན་པར་བྱ། ༢༤ ཡང་ཁ་མཆུའི་གཤགས་འབྱེད་དུ་འགྲེང་ཞིང་། ངའི་བཀའ་ཁྲིམས་དང་བསྟུན་ཏེ་ཞལ་ཆེ་གཅོད་པར་བྱ་སྟེ། འདི་དག་གིས་ངའི་དུས་སྟོན་རྣམས་ཀྱི་ནང་ངའི་བཀའ་རྒྱ་དང་སྤྱད་མཚམས་ཐམས་ཅད་སྲུང་ཞིང་། ངའི་ཤབ་བཱད་རྣམས་དམ་པར་སྲུང་བར་བྱའོ། ༢༥ ཡང་འདི་དག་ལ་གྲིབ་འཕོག་པར་བེམ་རོ་གང་གི་མདུན་དུ་འགྲོ་བར་མི་བྱའི། ཕའམ། མའམ། བུའམ། བུ་མོའམ། སྤུན་ཟླའམ། ཁྱོ་མེད་པའི་སྲིང་མོའི་ཕྱིར་རོ་གྲིབ་ཕོག་ཀྱང་ཆོག ༢༦ དེའི་རོ་གྲིབ་བསངས་པའི་འོག་ཏུ། དེའི་ཕྱིར་ཞག་བདུན་བགྲང་བར་བྱ། ༢༧ དེ་ནས་གཙང་ཁང་ནང་ཞབས་ཏོག་བྱེད་པའི་ཕྱིར་དུ། གཙང་ཁང་དང་། ཁྱམས་ནང་མར་འགྲོ་བའི་ཞག་ལ། དེས་རང་གི་ཕྱིར་སྡིག་པའི་མཆོད་པ་འབུལ་བར་བྱའོ། ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎
༢༨ འདི་དག་གི་ནོར་སྐལ་ནི་འདི་སྟེ། ང་ཉིད་ནི་འདི་དག་གི་ནོར་སྐལ་ཡིན་པས། ཁྱོད་ཚོས་འདི་དག་ལ་ཨིས་ར་ཨེལ་ནང་ནོར་སྐལ་གང་ཡང་མི་གཏང་གིས། འདི་དག་གི་ནོར་སྐལ་དེ་ང་ཉིད་དོ། ༢༩ འདི་དག་གིས་ཞལ་ཟས་ཀྱི་མཆོད་པ་དང་། སྡིག་པའི་མཆོད་པ་དང་། འགལ་རྐྱེན་གྱི་མཆོད་པ་རྣམས་ཟ་བར་བྱ་སྟེ། ཨིས་ར་ཨེལ་ནང་བསྔོས་པའི་རྫས་རྣམས་དེ་དག་གི་ནོར་དུ་འགྱུར་བར་འགྱུར། ༣༠ ཡང་ཚང་མའི་ཐོག་ཕུད་ཀྱི་ཕུད་དང་། ཁྱོད་ཅག་གི་ཚོགས་སྣ་ཚོགས་ཐམས་ཅད་བླ་མའི་ནོར་དུ་འགྱུར་ཏེ། ཁྱོད་ཀྱི་ཁྱིམ་ནང་བྱིན་རླབས་འབབ་ཕྱིར། བག་ཟན་གྱི་ཕུད་ཀྱང་བླ་མ་ལ་སྟེར་ཞིག ༣༡ བླ་མ་རྣམས་ཀྱིས་བྱའམ་དུད་འགྲོ་རང་བཞིན་གྱིས་ཤི་བའམ་ཐེང་རོ་ཟ་བར་མི་བྱའོ༎