༤༣
དེའི་འོག་ཏུ་དེས་ང་རྒྱ་སྒོ་ཞེས་ན། ཤར་ལྟས་ཀྱི་རྒྱ་སྒོར་ཁྱེར་བ་དང་།  ཀྱེ་ཧོ། ཨིས་ར་ཨེལ་གྱི་དཀོན་མཆོག་གི་ལྷན་ནེ་བ་ཤར་ཕྱོགས་ནས་བྱུང་སྟེ། ཁོང་གི་གསུང་སྐད་ནི་ཆུ་མང་པོའི་འུར་སྒྲ་ལྟ་བུ་ཡོད་དེ། ཁོང་གི་ལྷན་ནེ་བས་ས་གཞི་འོད་ཀྱིས་ཁྱབ་པར་གྱུར་ཏོ།  བདག་རྒྱལ་ས་མེད་པར་བྱེད་དུ་འོངས་པའི་དུས་ཀྱི་ཞལ་གཟིགས་ལྟ་བུའི་ཞལ་གཟིགས་དང་། ཞལ་གཟིགས་དེ་རྣམས་ཀེ་བཱར་གཙང་འགྲམ་དུ་མཐོང་བའི་ཞལ་གཟིགས་ལྟ་བུ་ཡོད་པ་དང་། ང་ཁ་འབུབ་ལོག་པ་ཡིན།  དེ་ནས་ཡ་ཧོ་ཝཱའི་ལྷན་ནེ་བ་ཤར་ལྟས་ཀྱི་རྒྱ་སྒོ་ནས་ཕོ་བྲང་ནང་བྱོན་པ་དང་།  ཐུགས་ཉིད་ཀྱིས་བདག་བཏེགས་ནས་ཁྱམས་ནང་མར་ཁྱེར་བྱུང་། ཡང་ཀྱེ་ཧོ། ཡ་ཧོ་ཝཱའི་ལྷན་ནེ་བས་ཕོ་བྲང་ཁྱབ་པར་གྱུར་ཏོ།  ཡང་ཕོ་བྲང་གི་ནང་ནས་ང་ལ་གླེང་མཁན་ཞིག་གི་སྒྲ་ཐོས་ནས། སྐྱེས་བུ་ཞིག་ངའི་མདུན་དུ་ཀེར་ལངས་ནས།
 དེས་ང་ལ། ཀྱེ་མིའི་བུ། འདི་ནི་ང་དུས་རྒྱུན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཁྲོད་དུ་བཞུགས་བྱའི་ངའི་རྒྱལ་ཁྲིའི་མལ་དང་། ངའི་ཞབས་སྟེགས་ཀྱི་གནས་དེ་ཡིན་པས། ད་ཕྱིན་ཆད་ཨིས་ར་ཨེལ་ཕ་སྤད། ཞེས་ན། དེ་དག་རང་དང་དེའི་རྒྱལ་པོ་རྣམས་ཀྱིས་དེ་དག་གི་ལོག་གཡེམ་དང་། དེ་དག་གི་རྒྱལ་པོ་དག་གི་རོ་རྣམས་མཐོ་གླིང་ནང་འཇོག་པའི་ངང་ནས་ངའི་མཚན་དམ་པ་དེ་བརླགས་པར་མི་བྱ།  སྔར་དེ་དག་གི་མ་ཐེམ་དེ་ངའི་མ་ཐེམ་གྱི་མདུན་དང་། དེ་དག་གི་རི་བཞི་ངའི་རི་བཞིའི་མདུན་དུ་བཏགས་ཏེ། དེ་དག་དང་ངའི་བར་ན་རྩིག་པ་གཅིག་རང་ཡོད་པ་ཡིན། དེ་ལུགས་སུ་དེ་དག་གིས་སྤྱད་པའི་ལས་ཞེན་ལོག་གི་སྒོ་ནས་ངའི་མཚན་དམ་པ་དེ་བརླགས་བཅུག་པས། ངས་ཉིད་ཀྱི་ཁོང་ཁྲོའི་ནང་ནས་དེ་དག་ཚར་བཅད་པ་ཡིན།  ད་དེ་དག་གིས་རང་གི་ལོག་གཡེམ་དང་རྒྱལ་པོའི་རོ་རྣམས་ངའི་མདུན་ལས་ཕར་དོར་ཞིག་དང་། ང་དེ་དག་གི་དཀྱིལ་དུ་གཏན་དུ་བཞུགས་པར་བྱའོ། ༡༠ ཀྱེ་མིའི་བུ། ཨིས་ར་ཨེལ་ཕ་སྤད་རང་གི་མི་དགེ་བའི་ཕྱིར་ངོ་ཚ་བ་དང་། མ་དཔེ་འདིའི་ཚད་འཇལ་དུ། ཁྱོད་ཀྱིས་དེ་དག་ལ་ཕོ་བྲང་འདི་སྟོན་ཞིག ༡༡ ཇི་སྟེ་དེ་དག་རང་གིས་བྱས་པའི་ལས་ཚང་མའི་ཕྱིར་ངོ་ཚ་ན། དེ་ཚོས་དེའི་ས་པར་ཚང་མ་དང་། དེའི་སྤྱད་མཚམས་ཐམས་ཅད་ཡིད་ལ་འཆང་ཞིང་སྤྱོད་པའི་དོན་དུ། དེ་དག་ལ་ཕོ་བྲང་འདིའི་ས་པར་དང་། བཀོད་པ་དང་། ཕྱིར་འཐོན་ས་དང་། ནང་དུ་འཛུལ་ས་དང་། འདིའི་བཀོད་པ་ཚང་མ་དང་། སྤྱད་མཚམས་ཚང་མ་དང་། ཚུལ་ཚང་མ་དང་། བཀའ་ཁྲིམས་ཚང་མ་དེ་དག་གི་མིག་གི་མདུན་དུ་བྲིས་ཤིག
༡༢ ཕོ་བྲང་གི་བཀའ་ཁྲིམས་ནི་འདི་ལྟ་སྟེ། རི་རྩེའི་དེའི་ས་མཚམས་ཀུན་དང་། དེའི་མཐའ་འཁོར་ནི་རབ་ཏུ་དམ་པར་རྩི་བར་བྱ། ཀྱེ་ཧོ། འདི་ནི་ཕོ་བྲང་གི་བཀའ་ཁྲིམས་སོ༎
༡༣ ཡང་ཁྲུའི་ཚད་བཞིན་མཆོད་ཁྲིའི་ཚད་ནི་འདི་ལྟ་སྟེ། ཁྲུ་འདི་ནི་ཁྲུ་གང་དང་སོར་བཞི་སྟེ། དེའི་ཝའི་གུང་དུ་ཁྲུ་གང་དང་། ཞེང་དུ་ཁྲུ་གང་དང་། དེའི་མཐའ་མ་ཀྱིར་འཁོར་དུ་གོང་བ་མཐོ་གང་ངོ་། འདི་ནི་མཆོད་ཁྲིའི་ཞབས་གདན་ནོ། ༡༤ ཡང་ཞབས་གདན་ལས། ཁྲི་ཟུར་འོག་མ་བར་དུ་ཁྲུ་དོ་དང་། ཞེང་དུ་ཁྲུ་གང་སྟེ། ཁྲི་ཟུར་ཆུང་བ་ནས་ཁྲི་ཟུར་ཆེན་པོའི་བར་དུ་ཁྲུ་བཞི་དང་། ཞེང་དུ་ཁྲུ་གང་། ༡༥ དེ་ལྟར་མཆོད་ཁྲི་རང་ནི་ཁྲུ་བཞི་སྟེ། མཆོད་ཁྲིའི་ལྟག་པར་རྭ་བཞི་ཡོད་དེ། ༡༦ མཆོད་ཁྲིའི་ཞེང་རིང་གཉིས་པོར་ཁྲུ་བཅུ་གཉིས་བཅུ་གཉིས་གྲུ་བཞི་དག་དག་ཡོད་པ་ཡིན། ༡༧ ཁྲི་ཟུར་གྱི་ཞེང་རིང་གཉིས་སུ་ཁྲུ་བཅུ་བཞི་བཅུ་བཞི་གྲུ་བཞི་དག་དག་དང་། ཀྱིར་འཁོར་ནས་གོང་བ་ཁྲུ་ཕྱེད་ཡོད་པ་ཡིན། ཡང་དེའི་ཞབས་གདན་ཕྱོགས་བཞི་ཀར་ཀྱིར་འཁོར་ནས་ཁྲུ་གང་རེ་ཡོད་པ་ཡིན། དེའི་ཐེམ་སྐས་ཤར་ལྟས་སུ་ཡོད་པ་ཡིན།
༡༨ ཡང་དེས་ང་ལ། ཀྱེ་མིའི་བུ། ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། དེ་དག་གིས་དེའི་ཐོག་ཏུ་སྦྱིན་སྲེག་འབུལ་བ་དང་། ཁྲག་གཏོར་བའི་ཕྱིར་དེ་རྩིག་པའི་ཞག་ལ་མཆོད་ཁྲིའི་སྤྱད་མཚམས་ནི་འདི་དག་སྟེ། ༡༩ ལེ་ཝི་པའི་ནང་ནས་བདག་ལ་བདག་རྐྱེན་བྱེད་དུ། ངའི་དྲུང་དུ་བསྙེན་པའི་བླ་མ་ཙ་དོག་གི་བརྒྱུད་པ་ལ། སྡིག་བཤགས་ཀྱི་མཆོད་པའི་དོན་དུ་གླང་དར་མ་ཞིག་ཐོང་ཞིག ཡ་ཧོ་ཝཱ་གཙོ་བོས་གསུང་། ༢༠ ཡང་ཁྱོད་ཀྱིས་དེའི་ཁྲག་ཅུང་ཟད་ཅིག་བླངས་ཏེ། དེའི་རྭ་བཞི་དང་། དེའི་ཁྲི་ཟུར་གྲུ་བཞི་དང་། ཕྱོགས་བཞིའི་གོང་བ་ལ་སྐུས་ཤིག འདི་ལྟར་དུ་ཁྱོད་ཀྱིས་དེ་གཙང་ཞིང་སྦྱོང་བར་བྱོས་ཤིག ༢༡ དེ་ནས་ཁྱོད་ཀྱིས་སྡིག་པའི་མཆོད་པར་གླང་དེ་བླངས་ཏེ། དེས་ཕོ་བྲང་གི་ནང་དུ་དེའི་དོན་དུ་ཡིན་པའི་གནས་སུ། གཙང་ཁང་གི་ཕྱི་རོལ་དུ་དེ་སྲེག་པར་བྱའོ། ༢༢ ཡང་དེའི་ཕྱི་ཉིན་རའི་ར་གུ་སྐྱོན་མེད་པ་ཞིག་སྡིག་པའི་མཆོད་པར་འབུལ་ཞིང་། གླང་གིས་གཙང་སྦྲ་བྱས་པ་ལྟར། དེ་དག་གིས་དེ་གཙང་བར་བྱ། ༢༣ ཁྱོད་ཀྱིས་དེ་གཙང་སྦྲ་བྱས་པའི་འོག་ཏུ་གླང་གཞོན་པ་སྐྱོན་མེད་ཅིག་དང་། ཁྱུའི་ནང་ནས་ལུག་ཐུག་སྐྱོན་མེད་ཅིག་མཆོད་པར་ཕུལ་ཞིག ༢༤ ཡང་དེ་དག་ཡ་ཧོ་ཝཱའི་ཞལ་ངོར་ཕུལ་ཞིག བླ་མ་རྣམས་ཀྱིས་དེ་དག་གི་ཐོག་ཏུ་ཚྭ་གཏོར་ཞིང་། དེ་རྣམས་སྦྱིན་སྲེག་གི་མཆོད་པར་ཡ་ཧོ་ཝཱ་ལ་འབུལ་བའི་རིགས་སོ། ཡང་ཁྱོད་ཀྱིས་ཞག་བདུན་ཉིན་རེ་བཞིན་ར་ཐུག་ཅིག་སྡིག་པའི་མཆོད་པར་ཤོམས་ཤིག ༢༥ ཡང་དེ་དག་གིས་གླང་གཞོན་པ་སྐྱོན་མེད་ཅིག་དང་། ཁྱུ་ནང་ནས་ལུག་ཐུག་སྐྱོན་མེད་ཅིག་ཤོམ་པའི་རིགས་ཏེ། ༢༦ ཞག་བདུན་དེ་དག་གིས་མཆོད་ཁྲི་སྦྱོང་ཞིང་གཙང་སྦྲ་བྱེད་དེ། དེ་ལྟར་དེ་ནི་དམ་པར་བྱེད་པར་དགོས། ༢༧ ཡང་ཞག་དེ་དག་ཚང་སྟེ། ཞག་བརྒྱད་པ་དང་། དེའི་འོག་ཏུའང་བླ་མ་རྣམས་ཀྱིས་ཁྱོད་ཀྱི་སྦྱིན་སྲེག་གི་མཆོད་པ་དང་། ཞི་བདེའི་མཆོད་པ་རྣམས་མཆོད་ཁྲིའི་ཁར་འབུལ་བར་བྱ། ངས་ཀྱང་ཁྱོད་ཐུགས་སུ་འདོགས་པར་བྱའོ། ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎