༢
ནེ་བུ་ཀད་ནེ་ཙར་གྱིས་སྲིད་བྱེད་པའི་ལོ་གཉིས་པ་ན། ནེ་བུ་ཀད་ནེ་ཙར་གྱིས་རྨི་ལམ་རྣམས་རྨིས་པས། དེས་ཁོའི་སེམས་དཀྲུགས་ནས། གཉིད་ཀྱང་མེད་དུ་སོང་ངོ་། ༢ དེ་ནས་རྒྱལ་པོས་རང་གི་རྨི་ལམ་རྣམས་སྟོན་པའི་ཕྱིར། རྒྱལ་པོས་མཚན་མཁན་དང་། རྩིས་པ་དང་། འཕྲུལ་པ་དང་། ཀལ་དཱི་པ་རྣམས་འབོད་དུ་བཀའ་སྩལ་པ་དང་། དེ་དག་འོངས་ནས་རྒྱལ་པོའི་དྲུང་དུ་ལྡང་བསྡད་དོ། ༣ དེ་ནས་རྒྱལ་པོས་དེ་དག་ལ། ངས་རྨི་ལམ་ཞིག་རྨིས་ནས། རྨི་ལམ་དེ་ཤེས་སུ་ངའི་སེམས་འཁྲུགས་སོ་ཞེས་སྨྲས་པ་དང་། ༤ ཀལ་དཱི་པ་དག་གིས་ཨ་རམ་སྐད་དུ་རྒྱལ་པོ་ལ། ཀྱེ་རྒྱལ་པོ། སྐུ་ཚེ་བརྟན་པར་ཤོག ཉིད་ཀྱི་བྲན་པོར་རྨི་ལམ་དེ་གསུང་ཞིག་དང་། དེའི་དོན་འགྲེལ་བར་བྱའོ་ཞེས་ཞུས་པ་ལས། ༥ རྒྱལ་པོས་ཀལ་དཱི་པ་དག་ལ་ལན་དུ། དེ་ནི་ངས་བརྗེད་པས། གལ་ཏེ་ཁྱོད་ཅག་གིས་རྨི་ལམ་དེ་ང་ལ་དྲན་མ་བཅུག་པར། དེའི་དོན་མ་བཀྲལ་ན། ཁྱོད་ཅག་དུམ་བུར་གཏུབ་སྟེ། ཁྱོད་ཅག་གི་ཁང་པ་རྣམས་ལུད་ཕུང་དུ་འགྱུར་བར་འགྱུར་རོ། ༦ འོན་ཀྱང་གལ་ཏེ་རྨི་ལམ་དེ་ང་ལ་དྲན་དུ་འཇུག་ཅིང་། དེའི་དོན་འགྲེལ་ན། ངས་ཁྱོད་ཅག་ལ་གནང་སྦྱིན་དང་བྱ་དགའ་རྣམས་དང་། བཀུར་སྟི་ཆེན་པོ་སྟེར་བར་བྱའོ། དེ་བས་ན་རྨི་ལམ་དེ་ང་ལ་དྲན་དུ་འཇུག་ཅིང་། དེའི་དོན་འགྲེལ་བར་བྱོས་ཤིག་ཅེས་བསྒོའོ། ༧ དེ་དག་གིས་སླར་ཡང་ལན་དུ། རྒྱལ་པོས་ཉིད་ཀྱི་བྲན་པོར་རྨི་ལམ་འཆད་པར་མཛོད་ཅིག་དང་། ངེད་ཀྱིས་དེའི་དོན་འགྲེལ་བར་བྱའོ་ཞེས་ཞུས་པ་ལས། ༨ རྒྱལ་པོས་ལན་དུ། དེ་ནི་ངས་བརྗེད་པ་མཐོང་བས། ཁྱོད་ཅག་དུས་སྐྱེད་པར་འདོད་པ་དེ་ངས་ངེས་པར་ཤེས་སོ། ༩ འོན་ཀྱང་རྨི་ལམ་དེ་ང་ལ་མ་སྟོན་ན། ཁྱོད་ཚོའི་ཕྱིར་བཀའ་གཅིག་འབའ་ཞིག་ཡོད། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་དུས་མ་བཤོལ་བའི་བར་དུ་ངའི་རྩར་གླེང་དུ་བརྫུན་དང་སྒྱུ་མའི་གཏམ་བསྒྲིགས་ཡོད་དོ། དེ་ནས་རྨི་ལམ་དེ་ཤོད་ཅིག་དང་། ཁྱོད་ཅག་གིས་དེའི་དོན་འགྲེལ་བྱེད་ནུས་པའང་ངས་རྟོགས་པར་འགྱུར་རོ་ཞེས་བསྒོའོ༎༡༠ ཀལ་དཱི་པ་རྣམས་ཀྱིས་རྒྱལ་པོ་ལ། ས་སྟེང་ན་རྒྱལ་པོའི་བྱ་བ་འདི་འཆད་ནུས་པའི་སྐྱེ་བོ་གཅིག་ཀྱང་མེད་དོ། དེས་མ་ཟད་མཚན་མཁན་ནམ། རྩིས་པའམ། ཀལ་དཱི་པ་སུ་ལའང་རྒྱལ་པོ་དང་། ཇོ་བོ་དང་། མི་དཔོན་སུས་ཀྱང་འདི་འདྲ་དྲིས་མ་བྱུང་སྟེ། ༡༡ རྒྱལ་པོས་འཚོལ་བའི་བྱ་བ་འདི་དཀའ་བས། མི་མཉམ་མི་གནས་པའི་ལྷ་རྣམས་མ་གཏོགས་པར་གཞན་གང་གིས་ཀྱང་རྒྱལ་པོའི་དྲུང་དུ་དེ་འཆད་པར་མི་ནུས་སོ༎
༡༢ ཞེས་ཞུས་པའི་རྐྱེན་གྱིས་རྒྱལ་པོ་ཁྲོས་ཤིང་། རབ་ཏུ་ཁྲོས་ནས། བཱ་བེལ་གྱི་མི་མཁས་པ་ཐམས་ཅད་གསོད་དུ་བཀའ་སྩལ་ཏེ། ༡༣ མི་མཁས་པ་དག་གསོད་པའི་བཀའ་གནས་ཀུན་ཏུ་བསླེབ་པ་དང་། དཱ་ནི་ཨེལ་དང་དེའི་གྲོགས་པོ་རྣམས་ཀྱང་གསོད་པའི་ཕྱིར་བཙལ་ཏོ༎
༡༤ དེ་ནས་དཱ་ནི་ཨེལ་གྱིས་བཱ་བེལ་གྱི་མི་མཁས་པ་རྣམས་གསོད་དུ་ཐོན་པའི་རྒྱལ་པོའི་སྐུ་སྲུང་པའི་དཔོན་པོ་ཨར་ཡོག་བྱ་བ་ལ་གྲོས་དང་མཁས་པས་ལན་བཏབ་ནས། ༡༥ རྒྱལ་པོའི་སྐུ་སྲུང་པའི་དཔོན་པོ་ཨར་ཡོག་ལ་ལན་དུ། བཀའ་འདི་རྒྱལ་པོ་ནས་འདི་ཙམ་མྱུར་པོར་ཅི་ལ་བྱུང་ཞེས་སྨྲས་པ་དང་། ཨར་ཡོག་གིས་དཱ་ནི་ཨེལ་ལ་བྱ་བ་དེ་མངོན་པར་བྱས་ཏེ། ༡༦ དཱ་ནི་ཨེལ་ནང་དུ་ཞུགས་ནས་རྒྱལ་པོ་ལ་ཞུས་པ། ཇི་སྟེ་དུས་འགྱང་བརྙེད་ན་ངས་རྒྱལ་པོ་ལ་དོན་འགྲེལ་འཆད་པར་བྱའོ༎
༡༧ དེ་ནས་དཱ་ནི་ཨེལ་ཁྱིམ་དུ་སོང་ནས། རང་གི་གྲོགས་པོ་ཧ་ནན་ཡཱ་དང་། མི་ཤ་ཨེལ་དང་། ཨ་ཟར་ཡཱ་ལ། ༡༨ གསང་བ་འདིའི་སྐོར་དུ་བཱ་བེལ་གྱི་མི་མཁས་པ་གཞན་དག་དང་མཉམ་དུ་དཱ་ནི་ཨེལ་དང་དེའི་གྲོགས་པོ་རྣམས་གསོད་པར་མི་འགྱུར་བའི་ཕྱིར་དུ་ནམ་མཁའི་དཀོན་མཆོག་ནས་ཐུགས་རྗེ་ཞུ་རུ་དེ་བཤད་དོ། ༡༩ དེ་ནས་མཚན་མོའི་ཞལ་གཟིགས་ཀྱི་ནང་དུ་གསང་བ་དེ་དཱ་ནི་ཨེལ་ལ་མངོན་དུ་གྱུར་པ་དང་། དཱ་ནི་ཨེལ་གྱིས་ནམ་མཁའི་དཀོན་མཆོག་ལ་གཏང་རག་ཕུལ་ཏེ།
༢༠ དཱ་ནི་ཨེལ་གྱིས་འདི་སྐད་དུ། དཀོན་མཆོག་གི་མཚན་རྒྱུན་དུ་བསྟོད་པར་ཤོག ཡེ་ཤེས་དང་མངའ་ཐང་ནི་ཁོང་གི་ཡིན། དུས་དང་ནམ་ཟླ་ཁོང་གིས་སྒྱུར་བར་མཛད། རྒྱལ་པོ་རྣམས་ཁོང་གིས་ཆམ་ལ་འབེབས་ཏེ། ༢༡ རྒྱལ་པོ་རྣམས་ཁོང་གིས་འཛུགས་པར་ཡང་མཛད། མཁས་པ་རྣམས་ལ་ཁོང་གིས་ཤེས་རབ་དང་། བློ་གྲོས་ཅན་ལ་རིག་པ་གནང་བར་མཛད། ༢༢ དོན་ཟབ་གསང་བ་ཁོང་གིས་མངོན་དུ་མཛད། མུན་པའི་ནང་པའི་ནང་དུ་ཡོད་པ་ཀུན་མཁྱེན་ཞིང་། འོད་ནི་ཁོང་དང་མཉམ་དུ་གནས་པར་བྱེད། ༢༣ ངས་ཁྱེད་ལ་གཏང་རག་འབུལ་ཞིང་སྟོད་དོ། ཀྱེ་ངའི་ཕ་མེས་ཀྱི་དཀོན་མཆོག་ཁྱེད་ཀྱིས། བློ་མཁས་པ་དང་མཐུ་གནང་སྟེ། ངེད་ཀྱིས་ཞུས་པའི་དངོས་པོ་དེ་ད་ལྟ། ཁྱེད་ཀྱིས་ང་ལ་མངོན་དུ་ཕྱུང་བར་མཛད། རྒྱལ་པོའི་བྱ་བ་ང་ཚོར་བསྟན་ཕྱིར་རོ། ཞེས་ཞུས་སོ༎
༢༤ དེའི་འོག་ཏུ་དཱ་ནི་ཨེལ་རྒྱལ་པོས་བཱ་བེལ་གྱི་མི་མཁས་རྣམས་གསོད་དུ་བསྐོས་པའི་ཨར་ཡོག་གང་ན་བར་སོང་སྟེ་དེ་ལ་འདི་སྐད་དུ། བཱ་བེལ་གྱི་མི་མཁས་པ་རྣམས་མ་གསོད་ཅིག བདག་རྒྱལ་པོའི་དྲུང་དུ་ཁྲིད་ཅིག་དང་། ངས་རྒྱལ་པོ་ལ་དོན་འགྲེལ་དེ་འཆད་པར་བྱའོ་ཞེས་སྨྲས་སོ༎
༢༥ དེ་ནས་ཨར་ཡོག་གིས་མྱུར་པོར་དཱ་ནི་ཨེལ་རྒྱལ་པོའི་མདུན་དུ་འཁྲིད་ཁྱེར་ཏེ་འདི་སྐད་དུ། ཡ་ཧུ་དཱའི་བཙོན་པའི་ཁྲོད་ནས་བདག་ལ་སྐྱེས་པ་ཞིག་བརྙེད་བྱུང་། དེས་རྒྱལ་པོ་ལ་དོན་དེ་འགྲེལ་བར་བྱའོ་ཞུས་པ་དང་། ༢༦ དེར་རྒྱལ་པོས་བེལ་ཏེ་ཤ་ཙར་གྱི་མིང་ཡོད་པའི་དཱ་ནི་ཨེལ་ལ་ལན་དུ་སྨྲས་པ། ཁྱོད་ཀྱིས་ངས་རྨིས་པའི་རྨི་ལམ་དང་། དེའི་དོན་འགྲེལ་ཡང་ང་ལ་སྟོན་ནུས་སམ། ༢༧ དཱ་ནི་ཨེལ་གྱིས་རྒྱལ་པོའི་དྲུང་དུ་ལན་བཏབ་ནས་ཞུས་པ། རྒྱལ་པོས་དྲིས་པའི་གསང་བ་འདི་ནི་མི་མཁས་པ་དང་། རྩིས་པ་དང་། མཚན་མཁན་དང་། འཕྲུལ་པ་རྣམས་ཀྱིས་རྒྱལ་པོ་ལ་སྟོན་མི་ནུས་སོ། ༢༨ འོན་ཀྱང་གསང་བ་རྣམས་མངོན་དུ་མཛད་པའི་དཀོན་མཆོག་ཅིག་ནམ་མཁའ་ན་བཞུགས་ཏེ། ཁོང་གིས་ཕྱི་མའི་ཉིན་མོ་རྣམས་ན་འབྱུང་རྒྱུ་ནི་རྒྱལ་པོ་ནེ་བུ་ཀད་ནེ་ཙར་ལ་བསྟན་པར་མཛད་དོ། ཁྱེད་ཀྱི་མལ་ཁྲིའི་སྟེང་དུ་རྨིས་པའི་རྨི་ལམ་དང་། དབུའི་སྣང་ཚུལ་ནི་འདི་ལྟ་སྟེ། ༢༩ ཀྱེ་རྒྱལ་པོ་ཁྱེད་ནི་མལ་ཁྲིར་ཉལ་ཞིང་། མ་འོངས་པ་ན་ཅི་འབྱུང་བར་འགྱུར་ཞེས་སྙམ་དུ་བསམས་པ་ལས། གསང་བ་མངོན་དུ་མཛད་ཁོང་གིས་ཅི་འབྱུང་བར་འགྱུར་བ་ཁྱེད་ལ་བསྟན་པར་མཛད་དོ། ༣༠ འགྲོ་བ་གང་ལས་ཀྱང་བདག་ནི་ལྷག་པར་བློ་མཁས་པའི་ཕྱིར་གསང་བ་འདི་ང་ལ་མངོན་དུ་མ་ཕྱུང་གིས། རྒྱལ་པོ་ཉིད་ལ་དེའི་དོན་འགྲེལ་བ་དང་། ཁྱེད་ཀྱིས་ཉིད་ཀྱི་ཐུགས་ཀྱི་བསམ་པ་རྣམས་ངོ་འཕྲོད་པའི་ཕྱིར་དུ་མངོན་དུ་ཕྱུང་བ་ཡིན་ནོ༎
༣༡ ཀྱེ་རྒྱལ་པོ། ཁྱེད་ཀྱིས་གཟིགས་པ་ལས། ཀྱེ་ཧོ། སྐུ་འདྲ་ཆེན་པོ་ཞིག་ཡོད་དེ། གཟི་བརྗིད་ཁྱད་པར་ཆེ་བའི་སྐུ་འདྲ་ཆེན་པོ་འདི་ཁྱེད་ཀྱི་མདུན་དུ་ཀེ་རེ་ལངས་ནས་བསྡད་ཡོད་པ་ཡིན། དེའི་དབྱིབས་ནི་འཇིགས་སུ་རུང་བ་སྟེ། ༣༢ སྐུ་འདྲའི་མགོ་བོ་གསེར་བཙོ་མ་དང་། དེའི་བྲང་དང་ཕྲག་པ་རྣམས་དངུལ་དང་། དེའི་ལྟོ་པ་དང་བརླ་ཤ་རྣམས་ཟངས་དང་། ༣༣ རྐང་པ་ཆ་གཅིག་ལྕགས་དང་། ཆ་གཅིག་རྫ་ས་ལས་ཡོད་པ་དང་། ༣༤ ལག་པ་གང་གིས་ཀྱང་བཅད་ནས་མ་བཏོན་པའི་རྡོ་བ་ཞིག་བྱུང་ནས། ལྕགས་དང་རྫ་ས་ལས་ཡོད་པའི་སྐུ་འདྲའི་རྐང་པ་རྣམས་ལ་ཕོག་ནས། དེ་རྣམས་དུམ་བུར་མ་བྱས་པའི་བར་དུ་ཁྱེད་ཀྱིས་བལྟས་སོ། ༣༥ དེ་ནས་ལྕགས་དང་། རྫ་ས་དང་། ཟངས་དང་། དངུལ་དང་། གསེར་རྣམས་དུམ་བུར་བྱས་ཏེ། དབྱར་ཀའི་གཡུལ་འཐག་རྣམས་ཀྱི་སོག་མ་དང་འདྲ་བར་འགྱུར་ནས། རླུང་གིས་དེ་རྣམས་གཏོར་ནས། དེའི་ཤུལ་ཡང་མེད་དུ་སོང་། སྐུ་འདྲ་ལ་འཕོག་པའི་རྡོ་དེ་བྲག་རི་ཆེན་པོ་ཞིག་ཏུ་གྱུར་ཏེ། ས་གཞི་ཐམས་ཅད་ཁྱབ་པར་བྱས་སོ༎
༣༦ འདི་ནི་རྨི་ལམ་དེ་ཡིན། ཡང་ངེད་ཀྱིས་དེའི་དོན་འགྲེལ་རྒྱལ་པོའི་དྲུང་དུ་འཆད་པར་བྱ། ༣༧ ཁྱེད་ཀྱེ་རྒྱལ་པོ། རྒྱལ་པོ་རྣམས་ཀྱི་རྒྱལ་པོ་ལགས། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་དཀོན་མཆོག་གིས་ཁྱེད་ལ་རྒྱལ་སྲིད་དང་། དབང་དང་། སྟོབས་དང་། དཔལ་གནང་བའི་ཕྱིར་རོ། ༣༨ གང་དུའང་གནས་པའི་མིའི་བུ་རྣམས་དང་། ཐང་གི་དུད་འགྲོ་དང་། ནམ་མཁའི་འདབ་ཆགས་རྣམས་ཁྱེད་ཀྱི་ལག་ཏུ་བཏད་དེ། ཁྱེད་དེ་ཀུན་གྱི་སྟེང་དུ་མངའ་བདག་མཛད་པས། གསེར་གྱི་མགོ་བོ་དེ་ཁྱེད་རང་ལགས། ༣༩ ཡང་ཁྱེད་ཀྱི་རྗེས་སུ་ཁྱེད་ལས་ཆུང་བའི་གཞན་རྒྱལ་སྲིད་གཅིག་འབྱུང་བར་འགྱུར། དེའི་རྗེས་སུ་གཞན་ཟངས་ཀྱི་རྒྱལ་སྲིད་གསུམ་པ་ཞིག་གིས་ས་ཐམས་ཅད་ལ་སྲིད་བྱའོ། རྒྱལ་སྲིད་བཞི་པ་དེ་ལྕགས་ལྟར་སྲ་བ་ཞིག་སྟེ། ༤༠ ཅི་ལྟར་ལྕགས་ཀྱིས་གཅོག་ཅིང་། དངོས་པོ་ཐམས་ཅད་འཇོམས་པར་བྱེད། འོ་ན། ལྕགས་ཀྱིས་ཐམས་ཅད་དུམ་བུར་གཅོག་པ་ལྟར། དེས་དུམ་བུར་བྱེད་ཅིང་གཅོག་པར་བྱའོ། ༤༡ ཡང་ཁྱེད་ཀྱིས་དེའི་རྐང་པ་དང་རྐང་མཛུབ་ཆ་གཅིག་རྫ་ས་དང་། ཆ་གཅིག་ལྕགས་ལས་ཡོད་པ་མཐོང་བ་ཡིན། དེ་བཞིན་རྒྱལ་སྲིད་དེའི་ནང་ན་ཕྲོ་མི་གཅིག་པ་ཡོད་པར་འགྱུར་རོ། འོན་ཀྱང་ཁྱེད་ཀྱིས་ལྕགས་འཇིམ་པ་དང་འདྲེས་ཡོད་པ་མཐོང་བ་བཞིན་དུ་དེའི་ནང་ན་ལྕགས་ཀྱི་སྟོབས་ཀྱང་ཡོད་པར་འགྱུར་རོ། ༤༢ ཡང་ཇི་ལྟར་རྐང་མཛུབ་ཆ་ཅིག་ལྕགས་དང་ཆ་ཅིག་རྫ་ས་ལས་ཡོད་པ་བཞིན་དུ། རྒྱལ་སྲིད་དེའི་ཆ་ཅིག་སྟོབས་དང་ལྡན་ལ། ཆ་ཅིག་ཉམས་ཆུང་ཡོད་པར་འགྱུར། ༤༣ ཡང་ཁྱེད་ཀྱིས་ལྕགས་འཇིམ་པ་དང་འདྲེས་པ་མཐོང་བ་ལྟར། དེ་དག་རང་རྣམས་མིའི་ས་བོན་དང་བསྲེ་བར་བྱ། འོན་ཀྱང་ལྕགས་འཇིམ་པ་དང་མི་འདྲེ་བ་ལྟར། དེ་དག་ཀྱང་གཅིག་དང་གཅིག་འདྲེ་བར་མི་འགྱུར་རོ། ༤༤ ཡང་རྒྱལ་པོ་དེ་དག་གི་ཉིན་མོ་རྣམས་ན་ནམ་མཁའི་དཀོན་མཆོག་གིས་ནམ་ཡང་འཇིག་པར་མི་འགྱུར་བའི་རྒྱལ་སྲིད་ཅིག་འཛུགས་པར་འགྱུར་རོ། ཡང་རྒྱལ་སྲིད་དེ་ནི་གཞན་མི་བརྒྱུད་ཀྱི་དབང་དུ་མི་བསླེབ་པར། དེས་རྒྱལ་ཁམས་འདི་ཐམས་ཅད་དུམ་བུར་གཅག་ཅིང་མེད་པར་བྱ་སྟེ། དེ་ནི་དུས་རྒྱུན་དུ་གནས་པར་འགྱུར་རོ། ༤༥ ཡང་ཁྱེད་ཀྱིས་མཐོང་བ་ལྟར་དུ། རི་བོ་ལས་ལག་པ་གང་གིས་ཀྱང་མ་བཅད་པ་ལྟར་བཏོན་པའི་རྡོ་དེ་བྱུང་ནས། དེས་ལྕགས་དང་། ཟངས་དང་། རྫ་ས་དང་། དངུལ་དང་། གསེར་རྣམས་དུམ་བུར་བྱས་སོ། བླ་ན་མེད་པའི་དཀོན་མཆོག་གིས་རྒྱལ་པོ་ལ་མ་འོངས་པ་ན་འབྱུང་རྒྱུ་དག་བསྟན་པར་མཛད་པ་ཡིན། ཡང་རྨི་ལམ་དེ་བདེན་ཏེ། དེའི་དོན་འགྲེལ་ཡང་ངེས་པའོ༎
༤༦ དེ་ནས་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ལུས་ས་ལ་བརྡབ་ནས་དཱ་ནི་ཨེལ་ལ་ཕྱག་བཙལ་ཏེ། དེ་ལ་མཆོད་པ་དང་སྤོས་ཆུ་འབུལ་བའི་ཕྱིར་བཀའ་སྩལ་ཏོ། ༤༧ རྒྱལ་པོས་དཱ་ནི་ཨེལ་ལ་སྨྲས་པ། ཁྱེད་ཀྱིས་གསང་བ་འདི་མངོན་པར་བྱེད་དུ་བཏུབ་པས། ཡང་དག་པར་ཁྱེད་ཀྱི་དཀོན་མཆོག་ནི་ལྷ་རྣམས་ཀྱི་དཀོན་མཆོག་དང་། རྒྱལ་པོ་རྣམས་ཀྱི་གཙོ་བོ་དང་། གསང་བ་རྣམས་མངོན་དུ་མཛད་མཁན་ལགས་སོ། ༤༨ དེ་ནས་རྒྱལ་པོས་དཱ་ནི་ཨེལ་མི་ཆེན་པོ་ཞིག་ཏུ་བྱས་ཏེ། བྱ་དགའ་ཆེན་པོ་དུ་མ་བྱིན་ཏེ། བཱ་བེལ་ཡུལ་ལྗོངས་ཚང་མའི་དཔོན་པོ་དང་། བཱ་བེལ་གྱི་མི་མཁས་པ་ཐམས་ཅད་ཀྱི་འགོ་པར་བྱས་སོ། ༤༩ དེ་ནས་དཱ་ནི་ཨེལ་གྱིས་རྒྱལ་པོར་ཞུས་ནས། དེས་ཤད་རག མེ་ཤཱག ཨ་བེད་ནེ་ཀོ་གསུམ་པོ་བཱ་བེལ་ཡུལ་ལྗོངས་ནང་ལས་སྡེ་པར་བསྐོས་ཀྱི། དཱ་ནི་ཨེལ་རྒྱལ་པོའི་རྒྱ་སྒོའི་ནང་དུ་བསྡད་དོ༎