རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་མཐོ་ཁྱད་ཁྲུ་དྲུག་ཅུ་དང་། ཞེང་ཁྱད་ཁྲུ་དྲུག་ཡོད་པའི་གསེར་གྱི་སྐུ་འདྲ་ཞིག་བཟོ་རུ་བཅུག་ནས། བཱ་བེལ་ཡུལ་ལྗོངས་ཀྱི་དུ་རཱ་བྱ་བའི་ཐང་དུ་བསྒྲེངས་སོ།  དེ་ནས་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་སྐུ་དྲག་རྣམས་དང་། བཀའ་བློན་རྣམས་དང་། དམག་དཔོན་རྣམས་དང་། ཕྱག་མཛོད་རྣམས་དང་། བློན་པོ་རྣམས་དང་། རྫོང་དཔོན་རྣམས་དང་། ལྗོངས་རྣམས་ཀྱི་ལས་སྣེ་པ་ཐམས་ཅད་སྡུད་ཅིང་། རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་བསྒྲེངས་པའི་སྐུ་འདྲའི་རབ་གནས་བྱེད་དུ་འོང་ཞིག་སྒོ་ཞིང་མི་རྣམས་མངགས་སོ།  དེ་ནས་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་བསྒྲེངས་པའི་སྐུ་འདྲའི་རབ་གནས་ལ་སྐུ་དྲག་རྣམས་དང་། བཀའ་བློན་རྣམས་དང་། དམག་དཔོན་རྣམས་དང་། ཁྲིམས་དཔོན་རྣམས་དང་། ཕྱག་མཛོད་རྣམས་དང་། བློན་པོ་རྣམས་དང་། རྫོང་དཔོན་རྣམས་དང་། ལྗོངས་རྣམས་ཀྱི་ལས་སྣེ་པ་ཐམས་ཅད་དང་བཅས་སུ་ཐབས་གཅིག་ཏུ་ཚོགས་ནས། ནེ་བུ་ཀད་ནེ་ཙར་གྱིས་བསྒྲེངས་པའི་སྐུ་འདྲའི་མདུན་དུ་ལྡང་ཞིང་བསྡད་དོ།  དེ་ནས་སྐད་བྱེད་པ་གཅིག་གིས་སྒྲ་ཆེན་པོས། ཀྱེ་མི་སྡེ་རྣམས། མི་རིགས་དང་སྐད་རིགས་སོ་སོ་རྣམས། ཁྱེད་ཅག་ལ་སྒོ་བའི་བཀའ་ནི་འདི་ལྟ་སྟེ།  དུང་དང་། རྒྱ་གླིང་དང་། པི་ཝང་དང་། སྒྲ་སྙན་དང་། ཀོ་ཕོངས་དང་། འགན་ཅག་དང་། རོལ་མོ་སྣ་ཚོགས་ཀྱི་སྒྲ་ཐོས་པ་ཙམ་གྱིས་ལུས་ས་ལ་བརྡབས་ནས། རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་བསྒྲེངས་པའི་གསེར་སྐུ་དེ་ལ་ཕྱག་འཚལ་གྱིས་ཤིག  ཡང་སུས་ཀྱང་ལུས་ས་ལ་མ་བརྡབ་ཅིང་། ཕྱག་མི་འཚལ་བ་རྣམས་དུས་དེ་ཉིད་དུ་མེ་འབར་བའི་མེ་གདོང་གི་དཀྱིལ་དུ་དབྱུག་པར་འགྱུར་རོ་ཞེས་འབོད་གྲགས་སོ།  དེའི་ཕྱིར་མི་སྡེ་ཐམས་ཅད་ཀྱིས་དུང་དང་། རྒྱ་གླིང་དང་། པི་ཝང་དང་། སྒྲ་སྙན་དང་། ཀོ་ཕོངས་དང་། རོལ་མོ་སྣ་ཚོགས་ཀྱི་སྒྲ་ཐོས་མ་ཐག་ཏུ་མི་སྡེ་ཐམས་ཅད་དང་། མི་རིགས་དང་། སྐད་རིགས་སོ་སོ་རྣམས་ཀྱིས་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་བསྒྲེངས་པའི་སྐུ་འདྲ་ལ་ལུས་ས་ལ་བརྡབས་ནས་ཕྱག་བཙལ་ཏོ༎
 དེའང་དེའི་དུས་སུ་ཀལ་དཱི་པ་ཁ་ཅིག་ཉེ་བར་འོངས་ནས། ཡ་ཧུ་དཱ་པ་རྣམས་ལ་སྙད་བཙུག་སྟེ།  རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་དྲུང་དུ། ཀྱེ་རྒྱལ་པོ། སྐུ་ཚེ་བརྟན་པར་ཤོག ༡༠ ཀྱེ་རྒྱལ་པོ། དུང་དང་། རྒྱ་གླིང་དང་། པི་ཝང་དང་། སྒྲ་སྙན་དང་། ཀོ་ཕོངས་དང་། འགན་ཅག་དང་། རོལ་མོ་སྣ་ཚོགས་ཀྱི་སྒྲ་ཐོས་ཚད་ཀྱིས་གསེར་སྐུའི་དྲུང་དུ་ལུས་ས་ལ་བརྡབས་ནས། ཕྱག་འཚལ་བར་དགོས། ༡༡ ཡང་སུས་ཀྱང་ལུས་ས་ལ་མི་བརྡབ་ཅིང་། ཕྱག་མི་འཚལ་བ་རྣམས་མེ་འབར་བའི་མེ་དོང་གི་དཀྱིལ་དུ་དབྱུག་པར་འགྱུར་རོ་ཞེས་བཀའ་གནང་མོད། ༡༢ ད་ཁྱེད་ཀྱིས་བཱ་བེལ་ཡུལ་ལྗོངས་ཀྱི་ལས་སྣེར་བསྐོས་པའི་ཡ་ཧུ་དཱ་པ་ཁ་ཅིག ཞེས་ན་ཤད་རག་དང་། མེ་ཤཱག་དང་། ཨ་བེད་ནེ་ཀོ་བྱ་བའི་མི་འདི་གསུམ་པོས་ཁྱེད་ལ་ཞེ་ས་མ་བྱས། ཁྱེད་ཀྱི་ལྷ་ལ་མི་རྟེན་ཏེ། ཁྱེད་ཀྱིས་བཞེངས་པའི་གསེར་སྐུ་ལའང་ཕྱག་མི་འཚལ་ལོ་ཞེས་ཞུས་ནས།
༡༣ དེ་ནས་ནེ་བུ་ཀད་ནེ་ཙར་ཁྲོས་ཤིང་གཏུམ་པའི་ངང་ནས། ཤད་རག མེ་ཤཱག ཨ་བེད་ནེ་ཀོ་གསུམ་པོ་འདིར་ཁྲིད་ཤོག་ཅེས་བསྒོ་བ་དང་། དེ་དག་གིས་སྐྱེས་པ་དེ་དག་རྒྱལ་པོའི་དྲུང་དུ་དྲངས་སོ། ༡༤ དེར་ནེ་བུ་ཀད་ནེ་ཙར་གྱིས་དེ་རྣམས་ལ་བཀའ་གནང་ཞིང་འདི་སྐད་དུ། ཀྱེ་ཤད་རག མེ་ཤཱག་དང་ཨ་བེད་ནེ་ཀོ། ཁྱོད་ཅག་གིས་ངའི་ལྷ་ལ་མི་རྟེན་པ་དང་། ངས་བཞེངས་པའི་གསེར་སྐུ་ལ་ཕྱག་མི་འཚལ་བ་དེ་ཤེས་བཞིན་ཡིན་ནམ། ༡༥ ད་ཇི་སྟེ་ཁྱོད་ཅག་གིས་དུང་དང་། རྒྱ་གླིང་དང་། པི་ཝང་དང་། སྒྲ་སྙན་དང་། ཀོ་ཕོངས་དང་། འགན་ཅག་དང་། རོལ་མོའི་རིགས་སྣ་ཚོགས་ཀྱི་ས་ཐོས་པ་ཙམ་གྱིས། བདག་གིས་བཞེངས་པའི་སྐུ་འདྲ་དེ་ལ་ལུས་ས་ལ་བརྡབས་ཏེ། ཕྱག་འཚལ་དུ་འཕྲལ་སྒྲིག་ཡོད་ན་ལེགས། ཇི་སྟེ་ཕྱག་མ་བཙལ་ན། དུས་དེ་ཉིད་དུ་མེ་འབར་བའི་མེ་དོང་ཞིག་གི་དཀྱིལ་དུ་དབྱུག་པར་འགྱུར་རོ། ཡང་ཁྱོད་ཅག་ངའི་ལག་ནས་བསྒྲལ་ཐུབ་པའི་ལྷ་དེ་སུ་ཡིན།
༡༦ ཤད་རག མེ་ཤཱག་དང་ཨ་བེད་ནེ་ཀོ་ཡིས་རྒྱལ་པོ་ལ་ལན་དུ། ཀྱེ་ནེ་བུ་ཀད་ནེ་ཙར། བྱ་བ་འདིའི་སྐོར་དུ་ཁྱེད་ལ་ངེད་ཀྱིས་ལན་འདེབས་པའི་དགོས་པ་མེད་དོ། ༡༧ གཟིགས་ཤིག ངེད་ཅག་གིས་རྟེན་པའི་དཀོན་མཆོག་དེ་ལ་ངེད་ཅག་མེ་འབར་བའི་མེ་དོང་ལས་སྐྱོབ་པའི་དབང་ཡོད། ཡང་ཁོང་གིས་ངེད་ཅག་ཁྱེད་ཀྱི་ཕྱག་ལས་བསྒྲལ་འོང་ཀྱེ་རྒྱལ་པོ། ༡༨ དེ་མིན་ཡང་། ཀྱེ་རྒྱལ་པོ། ཁྱེད་ཀྱི་ལྷ་རྣམས་ལ་མི་བརྟེན་པ་དང་། ཁྱོད་ཀྱིས་སྒྲེངས་པའི་གསེར་སྐུ་ལའང་ངེད་ཀྱིས་ཕྱག་མི་འཚལ་བ་དེ་ཁྱེད་ཀྱིས་མཁྱེན་པར་གྱུར་ཅིག་ཅེས་ཞུས་སོ༎
༡༩ དེ་ནས་ནེ་བུ་ཀད་ནེ་ཙར་ཁྲོས་གང་བར་གྱུར་ནས། ཤད་རག མེ་ཤཱག་དང་ཨ་བེད་ནེ་ཀོའི་ཐོག་ཏུ་ངོ་བོའི་དབྱིབས་གྱུར་ཏེ། མེ་དོང་གི་མེ་ཚད་རྒྱུན་ལས་བདུན་ལྡབ་ལྷག་པར་བྱེད་པའི་བཀའ་སྩལ་ཏེ། ༢༠ དམག་དཔུང་གི་མི་སྟོབས་པོ་ཆེའི་གྱད་པ་དག་ལ་ཤད་རག་དང་། མེ་ཤཱག་དང་། ཨ་བེད་ནེ་ཀོ་བཀྱིགས་ནས་མེ་འབར་བའི་མེ་དོང་གི་ནང་དུ་དབྱུག་པའི་བཀའ་གནང་ངོ་། ༢༡ དེ་ནས་སྐྱེས་པ་དེ་དག་རང་གི་ཨང་ཐུང་དང་གོས་དང་། ཞྭ་དང་། གཞན་གོས་དང་སྦྲག་ནས་བཀྱིགས་ཏེ། མེ་འབའ་བའི་མེ་དོང་གི་དཀྱིལ་དུ་དབྱུགས་སོ། ༢༢ དེའང་རྒྱལ་པོའི་བཀའ་ནན་ཆེ་བས། མེ་དོང་གི་ཚད་རབ་ཏུ་ཆེ་བ་ཡོད་དེ། ཤད་རག་དང་མེ་ཤཱག་དང་། ཨ་བེད་ནེ་ཀོ་ཐོགས་པའི་མི་རྣམས་མེ་ལྕེས་བསད་པར་བྱས་ཏེ། ༢༣ ཤད་རག མེ་ཤཱག་དང་། ཨ་བེད་ནེ་ཀོ། སྐྱེ་བོ་གསུམ་པོ་འདི་བཀྱིགས་བཞིན་མེ་འབར་བའི་མེ་དོང་གི་དཀྱིལ་དུ་ལྷུང་ངོ་༎
༢༤ དེའི་ཚེ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་ཧ་ལས་ཤིང་། རྟབ་རྟོབ་ཏུ་ལངས་ནས། བཀའ་བློན་དག་ལ་གཏམ་བྱས་ཏེ་འདི་སྐད་དུ། ངེད་ཀྱིས་མི་གསུམ་བཀྱིགས་ནས་མེ་འབར་བའི་མེ་དོང་དུ་མ་དབྱུགས་སམ། ཞེས་པའི་ལན་དུ་དེ་དག་གིས། ཀྱེ་རྒྱལ་པོ་དེ་བདེན་ནོ། ཞེས་ཞུས་པ་ལས། ༢༥ དེས་ལན་དུ་སྨྲས་པ། ལྟོས་ཤིག ངས་མ་བཀྱིགས་པའི་སྐྱེས་པ་བཞི་མེ་དཀྱིལ་ན་རྒྱུ་བར་མཐོང་སྟེ། དེ་དག་ལ་གནོད་པ་ཅིའང་མེད་དོ། ཡང་བཞི་པ་དེའི་བྱད་ནི་ལྷ་སྲས་ཞིག་དང་འདྲའོ༎
༢༦ དེ་ནས་ནེ་བུ་ཀད་ནེ་ཙར་མེ་འབར་བའི་མེ་དོང་གི་ཁའི་རྩར་ཉེ་བར་འོངས་ནས། ཀྱེ་ཤད་རག མེ་ཤཱག་དང་ཨ་བེད་ནེ་ཀོ། བླ་ན་མེད་པའི་དཀོན་མཆོག་གི་བྲན་པོ་རྣམས། ཕྱིར་ཐོན་ལ། ཚུར་ཤོག་ཅེས་སྨྲས་སོ། དེ་ནས་ཤད་རག མེ་ཤཱག ཨ་བེད་ནེ་ཀོ་མེའི་དཀྱིལ་ནས་བྱུང་བ་དང་། སྐུ་དྲག་རྣམས་དང་། བློན་པོ་རྣམས་དང་། དམག་དཔོན་རྣམས་དང་། ༢༧ རྒྱལ་པོའི་བཀའ་བློན་ཐམས་ཅད་འདུས་ནས། སྐྱེ་བོ་དེ་དག་གི་ལུས་ཐོག་ཏུ་མེའི་དབང་མེད་པ་དང་། དེ་དག་གི་མགོའི་སྐྲ་ཉག་ཅིག་ཀྱང་མ་གཞོབས་པ་དང་། དེ་དག་གི་ལུས་གོས་ལ་ཁྱད་པར་ཅིའང་མེད་པ་དང་། ༢༨ ཞོབ་དྲི་ཡང་དེ་དག་ལ་མེད་པ་མཐོང་ངོ་། དེ་ནས་ནེ་བུ་ཀད་ནེ་ཙར་གྱིས་འདི་སྐད་ན་རེ། ཤད་རག མེ་ཤཱག ཨ་བེད་ནེ་ཀོ་ཡི་དཀོན་མཆོག་དེ་ལ་བཀྲ་ཤིས་པར་ཤོག་ཅིག གང་དག་གིས་ཁོང་ལ་བློ་གདེང་བྱས་ཏེ། རང་གི་དཀོན་མཆོག་དེ་ནི་མ་གཏོགས་པར། ལྷ་གང་ལའང་རྟེན་ཞིང་ཕྱག་མི་འཚལ་ཕྱིར། རྒྱལ་པོའི་བཀའ་བཟློགས་པར་བྱས་པ་དང་། རང་གི་ལུས་ཕུལ་བར་བྱས་པ་དེ་དག ཁོང་ཉིད་ཕོ་ཉ་མངག་ཤིང་བྲན་དག་སྐྱབས། ༢༩ དེ་བས་ན་ངས་སྒོ་བའི་བཀའ་རྒྱ་ནི། མི་སྡེའམ། མི་རིགས་སམ། སྐད་རིགས་གང་གིས་ཀྱང་ཤད་རག་དང་། མེ་ཤཱག་དང་། ཨ་བེད་ནེ་ཀོའི་དཀོན་མཆོག་ལ་མི་རིགས་པའི་ཚིག་ཅིག་ཟེར་ན། དེ་དག་དུམ་བུར་བཏུབ་ནས། དེ་དག་གི་ཁང་པ་ལུད་ཕུང་དུ་བྱེད་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་སྒྲོལ་ཐུབ་པའི་དཀོན་མཆོག་གཞན་ཅིག་མེད་པའི་ཕྱིར་རོ། ༣༠ དེ་ནས་རྒྱལ་པོས་ཤད་རག་དང་། མེ་ཤཱག་དང་། ཨ་བེད་ནེ་ཀོ་་བཱ་བེལ་ཡུལ་ལྗོངས་ཀྱི་ནང་ན་གོ་ས་མཐོ་བར་བྱས་སོ༎