༤
རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ཕྱོགས་ནས། ས་གཞི་ཀུན་ཏུ་གནས་པའི་མི་སྡེ་དང་། མི་རིགས་དང་། སྐད་ཐམས་ཅད། ཁྱེད་ཅག་ལ་ཞི་བདེ་རྒྱས་པར་གྱུར་ཅིག ༢ བླ་ན་མེད་པའི་དཀོན་མཆོག་གིས་ངའི་དོན་དུ་མཛད་པའི་ལྟས་དང་། ངོ་མཚར་ཆེ་བའི་ཕྲིན་ལས་རྣམས་ངས་སྟོན་པའི་རིགས་སོ་ཅེས་སེམས། ༣ ཁོང་གི་ལྟས་རྣམས་ཇི་ལྟར་ཆེ་བ་ལགས། ཁོང་གི་ངོ་མཚར་ཕྲིན་ལས་ཇི་ལྟར་དྲག ཁོང་གི་རྒྱལ་སྲིད་མཐའ་མེད་རྒྱལ་སྲིད་ལགས། ཁོང་གི་སྲིད་མི་རབས་ནས་མི་རབས་གནས།༤ བདག་ནེ་བུ་ཀད་ནེ་ཙར་རང་ཁྱིམ་ན་སྐྱིད་ཅིང་། རང་ཁབ་ན་བདེ་བཞིན་ཡོད་པ་ལས། ༥ ངས་རྨི་ལམ་ཞིག་མཐོང་། དེས་ང་དངངས་སྐྲག་ཏུ་བཅུག བདག་གི་མལ་ཁྲིའི་སྟེང་གི་བསམ་པ་དང་། རང་གི་མགོའི་སྣང་བ་རྣམས་ཀྱིས་ང་དཀྲུགས་པས། ༦ རྨི་ལམ་དེའི་དོན་འགྲེལ་སྟོན་དུ་བཱ་བེལ་གྱི་མི་མཁས་པ་ཀུན་ངའི་དྲུང་དུ་འགུག་པའི་བཀའ་བྱས་སོ། ༧ དེའང་མཚན་མཁན་དང་། རྩིས་པ་དང་། ཀལ་དཱི་པ་དང་། མཚན་མཁན་རྣམས་དྲུང་དུ་འོངས་པ་དང་། ངས་དེ་དག་གི་མདུན་དུ་རང་གི་རྨི་ལམ་དེ་བཤད་ཀྱང་། དེ་དག་གིས་ང་ལ་དེའི་དོན་འགྲེལ་བར་མ་བྱས་སོ། ༨ འོན་ཀྱང་མཐའ་མར་ངའི་ལྷའི་མིང་བཞིན་བེལ་ཏེ་ཤ་ཙར་ཞེས་པའི་དཱ་ནི་ཨེལ་ངའི་མདུན་དུ་འོངས་སོ། དེའི་ནང་ན་ལྷ་དམ་པ་རྣམས་ཀྱི་སེམས་ཉིད་ཡོད་པས། ངས་དེའི་མདུན་དུ་རྨི་ལམ་བཤད་ཅིང་། ༩ ཀྱེ་བེལ་ཏེ་ཤ་ཙར། མཚན་མཁན་རྣམས་ཀྱི་དཔོན་པོ། ཁྱེད་ཀྱི་ནང་ན་ལྷ་དམ་པ་རྣམས་ཀྱི་སེམས་ཉིད་བཞུགས་ཏེ། གསང་བ་གང་གིས་ཀྱང་ཁྱེད་ཀྱི་སེམས་མི་དཀྲུགས་པ་ངས་ཤེས་པས། ངས་རྨིས་པའི་རྨི་ལམ་གྱི་སྣང་བ་དང་། དེའི་དོན་འགྲེལ་ཤོད་ཅིག
༡༠ བདག་རང་གི་མལ་ཁྲིར་ཉལ་བ་ལས། རང་གི་མགོའི་སྣང་བ་རྣམས་ནི་འདི་ལྟ་སྟེ། ངས་བལྟས་པ་དང་། ཀྱེ་ཧོ། ས་གཞིའི་དཀྱིལ་ན་རབ་ཏུ་མཐོ་བའི་ཤིང་སྡོང་ཞིག་ཡོད་པ་ཡིན། ༡༡ དེའང་ཤིང་སྡོང་དེ་རྒྱས་ཏེ། བརྟན་པར་གྱུར་ནས། དེའི་རྩེ་མོ་ནམ་མཁའི་བར་དུ་ཕྱིན་ཏེ། ས་གཞིའི་མཐའ་མ་ཐམས་ཅད་ཀྱི་བར་དུ་སྣང་བར་གྱུར་ཏོ། ༡༢ དེའི་ལོ་མ་སྡུག་པ། འབྲས་བུ་མང་བ། དེའི་ནང་ན་ཐམས་ཅད་ཀྱི་ཕྱིར་ཁ་ཟས་ཡོད་དེ། ཐང་གི་དུད་འགྲོ་རྣམས་དེའི་བསིལ་གྲིབ་ཀྱི་འོག་ན་ཡོད་དེ། ནམ་མཁའི་བྱ་རྣམས་དེའི་ཡལ་ག་རྣམས་ལ་གནས་ཤིང་། དེའི་ནང་ནས་ལུས་ཅན་ཀུན་ལ་འཚོ་བ་བརྙེད་དོ༎
༡༣ བདག་གི་མལ་ཁྲིར་རང་གི་མགོའི་སྣང་བ་རྣམས་ཀྱི་ནང་ན་མཐོང་བ་ནི། ཀྱེ་ཧོ། ནམ་མཁའ་ནས་སོ་པ་ཞིག འོ་ན། དམ་པ་ལགས་པ་ཞིག་བབས་ནས། ༡༤ དེས་སྐད་ཆེན་པོས་འབོད་ཅིང་འདི་སྐད་དུ། སྡོང་པོ་དེ་ཆོད་ཅིག དེའི་ཡལ་ག་རྣམས་ཤུར་ཞིག དེའི་ལོ་མ་རྣམས་སྤྲུག་ཅིག དེའི་འབྲས་བུ་རྣམས་གཏོར་ཞིག དེའི་འོག་ནས་དུད་འགྲོ་རྣམས་ཡན་པ་དང་། དེའི་ཡལ་ག་རྣམས་ནས་བྱ་རྣམས་འབྲོས་པའི་ཕྱིར་རོ། ༡༥ འོན་ཀྱང་དེའི་རྩ་བའི་སྡོང་པོ་སའི་ནང་དུ་ལྕགས་དང་ཟངས་ཀྱི་ཤན་གྱིས་བསྡམས་ནས། བོར་ཞིག ཐང་གི་རྩྭ་སྔོན་པོའི་ནང་དུ་དེ་བཞག་སྟེ། ནམ་མཁའི་ཟིལ་པས་གཤེར་བར་གྱུར་ཅིག ཡང་དུད་འགྲོའི་སྡེ་མཉམ་དེའི་སྐལ་བ་ནི་ས་གཞིའི་རྩྭ་ཡོད་པར་གྱུར་ཅིག ༡༦ དེའི་སྙིང་མིའི་སྙིང་ལྟར་མ་ལུས་པར། དུད་འགྲོའི་སྙིང་ཞིག་དེ་ལ་གཏང་བར་གྱུར་ཅིག དུས་ཚོད་བདུན་དེ་ལ་མྱོང་དུ་ཆུག་ཅིག ༡༧ བྱ་བ་འདི་ནི་སོ་པ་རྣམས་ཀྱིས་བཅད་པའི་བཀའ་ཁྲིམས་དང་། བཀའ་འདི་ནི་དམ་པ་ལགས་པ་རྣམས་ཀྱིས་གསུངས་པ་བཞིན་ནོ། བླ་ན་མེད་པས་མིའི་རྒྱལ་ཁམས་ཀྱི་ནང་ན་མངའ་མཛད་ཅིང་། གང་ལ་དགྱེས་པ་ལ་དེ་སྦྱིན་ཏེ། མིའི་ནང་ན་ཀུན་ལས་དམའ་བ་དེ་ནི་དེའི་སྟེང་དུ་འཇོག་པར་མཛད་པ། གསོན་པོ་རྣམས་ཀྱིས་རྟོགས་པའི་དོན་དུ་ཡིན་ནོ་ཞེས་སྨྲས་སོ༎
༡༨ འདི་ནི་བདག་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་རྨིས་པའི་རྨི་ལམ་སྟེ། ད་ཁྱེད། ཀྱེ་བེལ་ཏེ་ཤ་ཙར། དེའི་དོན་འགྲེལ་ཤོད་ཅིག དེ་ཅིའི་ཕྱིར་ཞེ་ན། བདག་གི་སྲིད་ཀྱི་ནང་ན་ཡོད་པའི་མི་མཁས་པ་ཀུན་གྱིས་ངའི་མདུན་དུ་དེའི་དོན་འགྲེལ་སྟོན་ཐུབ་པ་མི་གདའ་ཡང་། ཁྱེད་ཀྱི་ནང་ན་ལྷ་དམ་པ་རྣམས་ཀྱི་སེམས་ཉིད་ཡོད་པས། ཁྱེད་ལ་ནུས་པ་ཡོད་དོ༎
༡༩ དེ་ནས་བེལ་ཏེ་ཤ་ཙར་གྱི་མིང་དང་ལྡན་པའི་དཱ་ནི་ཨེལ་ནི་ཆུ་ཚོད་གཅིག་གི་བར་དུ་མགོ་འཁོར་ཏེ། རང་གི་བསམ་པས་དཀྲུགས་པ་དང་། རྒྱལ་པོས་དེ་ལ་ལན་དུ། ཀྱེ་བེལ་ཏེ་ཤ་ཙར། རྨི་ལམ་དང་དེའི་དོན་འགྲེལ་གྱིས་ཁྱེད་འཁྲུགས་པར་མ་གྱུར་ཅིག་སྨྲས་པ་དང་། བེལ་ཏེ་ཤ་ཙར་གྱིས་ལན་དུ། ཀྱེ་ངའི་ཇོ་བོ། རྨི་ལམ་འདི་ཁྱེད་ལ་འཁོན་དུ་འཛིན་པ་རྣམས་དང་། དེའི་དོན་འགྲེལ་ཁྱེད་ཀྱི་དགྲ་རྣམས་ཀྱི་ཕྱིར་གྱུར་ཅིག ༢༠ ཁྱེད་ཀྱིས་མཐོང་བའི་ཤིང་སྡོང་དེ་རྒྱས་ཤིང་བརྟན་པོར་གྱུར་ཏེ། དེའི་རྩེ་མོ་ནམ་མཁའི་བར་དུ་ཕྱིན་ཞིང་། ས་གཞིའི་མཐའ་མའི་བར་དུ་སྣང་བར་གྱུར་ཏེ། ༢༡ དེའི་ལོ་མ་རྣམས་སྡུག་པ། འབྲས་བུ་མང་བ། དེའི་ནང་ན་ཐམས་ཅད་ཀྱི་ཕྱིར་ཁ་ཟས་ཡོད་དེ། དེའི་འོག་ཏུ་ཐང་གའི་དུད་འགྲོ་རྣམས་གནས། དེའི་ཡལ་ག་རྣམས་ལ་ནམ་མཁའི་བྱ་རྣམས་ཀྱི་ཚང་ཡོད་པ་ཡིན།
༢༢ ཀྱེ་རྒྱལ་པོ། དེ་ནི་ཁྱེད་ལགས་སོ། ཁྱེད་རྒྱས་ནས་བརྟན་པོར་སོང་། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཀྱི་ཆེ་བ་རྒྱས་ནས་ནམ་མཁའི་བར་དུ་དང་། དབང་སྲིད་ས་གཞིའི་མཐའ་མའི་བར་དུ་ཕྱིན་ཏོ། ༢༣ དེའང་རྒྱལ་པོས་སོ་པ་ཞིག འོ་ན། དམ་པ་ལགས་པ་ཞིག ནམ་མཁའ་ལས་བབས་པ་མཐོང་སྟེ། དེས་འདི་སྐད་དུ། སྡོང་པོ་དེ་བཅད་དེ་མེད་པར་བྱོས་ཤིག འོན་ཀྱང་དེའི་རྩ་བའི་སྡོང་ལྟུམ་སའི་ནང་དུ་བོར་ལ། དེ་ལ་ལྕགས་དང་ཟངས་ཀྱི་ཤན་བསྡམས་ནས། ཐང་གའི་རྩྭ་སྔོན་པོའི་ནང་དུ་བོར་ཞིག གནམ་གྱི་ཟིལ་པས་འབང་བར་གྱུར་ཅིག་དང་། དུས་ཚོད་བདུན་མ་འདས་པའི་བར་དུ་ཐང་གའི་དུད་འགྲོ་དང་མཉམ་དུ་དེའི་ཟས་སྐལ་ཡོད་པར་གྱུར་ཅིག་ཅེས་སྨྲས་སོ༎
༢༤ ཀྱེ་རྒྱལ་པོ། དེའི་དོན་འགྲེལ་ནི། ངའི་ཇོ་བོ་རྒྱལ་པོའི་ཐོག་ཏུ་བྱུང་བའི་བླ་ན་མེད་པའི་བཀའ་ནི་འདི་ལྟ་སྟེ། ༢༥ བླ་ན་མེད་པས་མིའི་རྒྱལ་ཁམས་ཀྱི་ནང་ན་མངའ་མཛད་ཅིང་། དེ་སུ་ལ་དགྱེས་པ་དེ་ལ་སྦྱིན་པ་ནི་ཁྱེད་ཀྱིས་ངོ་མ་འཕྲོད་པའི་བར་དུ། ཁྱེད་མིའི་ཁྲོད་ནས་བསྐྲད་དེ། ཐང་གའི་དུད་འགྲོ་དང་མཉམ་དུ་གནས་ཤིང་། གླང་ལྟར་རྩྭ་ཟ་ཞིང་། གནམ་གྱི་ཟིལ་པས་སྦོང་བར་བྱ་སྟེ། ཁྱེད་ལས་དུས་ཚོད་བདུན་འདས་པར་འགྱུར་རོ། ༢༦ དེའང་དེ་དག་གིས་རྩ་བའི་སྡོང་ལྟུམ་བོར་ཞིག་ཅེས་བཀའ་སྩལ་པ་བཞིན་དུ། དེའི་འོག་ཏུ་རྒྱལ་སྲིད་ཀྱི་དབང་ཐང་ནི་ནམ་མཁའི་ཕྱོགས་ལས་ཡིན་པ་ཁྱེད་ཀྱིས་རྟོགས་པ་དང་། ཁྱེད་རང་གི་རྒྱལ་སྲིད་ལ་ཡང་དགོད་པ་ནི་ངེས་སོ། ༢༧ དེ་བས་ན་ཀྱེ་རྒྱལ་པོ། ངའི་གདམས་ངག་ཁྱེད་ཀྱིས་བླང་བར་མཛད་ན། ཉིད་ཀྱི་ཉེས་པ་རྣམས་ཆོས་དྲང་པོ་དང་། མི་རིགས་པ་རྣམས་དབུལ་པོར་སྙིང་རྗེ་མཛད་པའི་ངང་ནས་ཆོག་ཅིག་དང་། དེ་ནས་ཁྱེད་ཀྱི་བདེ་བ་རེ་ཞིག་ལུས་པར་འགྱུར་བའང་སྲིད་དོ་ཞེས་ཞུས་སོ༎
༢༨ བྱ་བ་དེ་ཐམས་ཅད་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་སྟེང་དུ་བབས་སོ། ༢༩ ལོ་གཅིག་འཁྱིར་འཁོར་བའི་ཚེ་ན། བཱ་བེལ་རྒྱལ་ཁབ་ན་འཆག་པ་ལས། ༣༠ རྒྱལ་པོས་གཏམ་བྱས་ནས། ངའི་དབང་གི་ཤུགས་ཀྱིས་རྒྱལ་སར་འགྱུར་བ་དང་། ངའི་རྔམ་བརྗིད་སྣང་བར་བྱ་བའི་ཕྱིར་བརྩིགས་པའི་བཱ་བེལ་ཆེན་པོ་དེ་འདི་མ་ཡིན་ནམ། ༣༡ ཞེས་པའི་ཚིག་རྒྱལ་པོའི་ཁ་ནས་གླེང་འཕྲོ་མ་རྫོགས་པར་ནམ་མཁའ་ནས་སྐད་ཅིག་བྱུང་ནས། ཀྱེ་རྒྱལ་པོ་ནེ་བུ་ཀད་ནེ་ཙར། ཁྱོད་ལ་སྒོ་བ་ནི། རྒྱལ་སྲིད་ཁྱོད་ལས་བྲལ་ཟིན། ༣༢ བླ་ན་མེད་པས་མིའི་རྒྱལ་ཁམས་ཀྱི་ནང་ན་མངའ་མཛད་ཅིང་། དེ་སུ་ལ་དགྱེས་པ་དེ་ལ་སྦྱིན་པ་ནི་ཁྱོད་ཀྱིས་ངོ་མ་འཕྲོད་པའི་བར་དུ་ཁྱོད་མིའི་ཁྲོད་ནས་བསྐྲད་དེ། ཐང་གའི་དུད་འགྲོ་དང་མཉམ་དུ་གནས་ཤིང་། གླང་ལྟར་རྩྭ་ཟ་ཞིང་། ཁྱོད་ལས་དུས་ཚོད་བདུན་འདས་པར་འགྱུར་རོ་ཞེས་གསུངས་སོ། ༣༣ ཆུ་ཚོད་དེ་ཉིད་དུ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ནང་ན་བྱ་བ་དེ་གྲུབ་པར་གྱུར་ཏེ། ཁོ་མིའི་ཁྲོད་ནས་བསྐྲད་པ་དང་། གླང་དང་འདྲ་བར་རྩྭ་བཟས། དེའི་ལུས་གནམ་གྱི་ཟིལ་པས་སྤངས། དེའི་སྤུ་གླག་གི་ཤོག་པ་དང་། སེན་མོ་ནི་བྱའི་སྡེར་མོ་ལྟར་མ་གྱུར་པའི་བར་དུ་དེ་ལྟར་ལུས་སོ༎
༣༤ ཉིན་མོ་དེ་དག་འདས་པའི་འོག་ཏུ་བདག་ནེ་བུ་ཀད་ནེ་ཙར་གྱིས་རང་གི་མིག་ནམ་མཁའི་ཕྱོགས་སུ་བཏེག་པ་ལས། ངའི་བློ་གྲོས་རང་གི་ནང་ན་ཕྱིར་འཁོར་ནས། ངས་བླ་ན་མེད་པ་ལགས་པ་ལ་གཏང་རག་ཕུལ་ཏེ། རྟག་ཏུ་མཆིས་པ་ལ་བསྟོད་ཅིང་བསྔགས་སོ། དེ་ཅིའི་ཕྱིར་ཞེ་ན། ཁོང་གི་དབང་སྲིད་མཐའ་མེད་པའི་དབང་སྲིད་ལགས། ཁོང་གི་རྒྱལ་སྲིད་མི་རབས་ནས་མི་རབས་སུ་གནས། ༣༥ ས་ལ་གནས་པ་ཐམས་ཅད་ཅང་མིན་ལྟར་དུ་རྩི། ཁོང་གིས་ཇི་ལྟར་དགྱེས་པ་དེ་བཞིན་དུ་གནམ་གྱི་དམག་དཔུང་རྣམས་དང་། ས་ལ་གནས་པ་རྣམས་ཀྱི་ནང་ན་འཕྲིན་ལས་མཛད། ཁོང་གི་ཕྱག་འགེགས་ཐུབ་པ་དང་། ཁོང་ལ། ཁྱེད་ཅི་མཛད་ཅེས་ཞུ་ཐུབ་པ་སུའང་མེད།
༣༦ དུས་དེ་རང་ལ་ངའི་བློ་གྲོས་རང་གི་ནང་དུ་ཕྱིར་འཁོར་ནས། ངའི་རྒྱལ་སྲིད་ཀྱི་དཔལ་དུ་བདག་གི་རྔམ་བརྗིད་དང་ཟིལ་ཡང་བྱུང་བ་དང་། ངའི་བཀའ་བློན་དང་། སྐུ་དྲག་རྣམས་ཀྱིས་ང་བཙལ་ཏེ། རང་གི་རྒྱལ་སྲིད་ལ་བཀོད་ནས། ངའི་དཔལ་དང་གཟི་བརྗིད་ལྷག་པར་དུ་རྒྱས་པར་གྱུར་ཏོ། ༣༧ ད་ང་ནེ་བུ་ཀད་ནེ་ཙར་གྱིས་ནམ་མཁའི་རྒྱལ་པོ་ལ་གཏང་རག་དང་། བསྟོད་པ་དང་། བཀུར་སྟི་བྱེད་དོ། ཁོང་གི་མཛད་པ་ཐམས་ཅད་བདེན་པ་ཉིད་དང་། གཤེགས་ལམ་ཐམས་ཅད་ཁྲིམས་དྲང་པོ་ལགས་ཏེ། ང་རྒྱལ་ངང་ནས་འགྲུལ་བ་རྣམས་ཁོང་གིས་དམའ་བར་མཛད་ནུས་སོ༎