༢
ཁྱོད་རང་གི་སྤུན་རྣམས་ལ་ཨམ་མཱི་དང་། སྲིང་མོ་རྣམས་ལ་རུ་ཧ་མཱ་ཞེས་སྨྲོས་ཤིག༢ རང་གི་མ་ལ་འཁྲབ་པར་གྱིས། འཁྲབ་པར་གྱིས། དེ་ཅིའི་ཕྱིར་ཞེ་ན། མོ་ནི་ངའི་ཆུང་མ་མ་ཡིན་ཏེ། ང་དེའི་ཁྱོའང་མ་ཡིན་ནོ། རང་གི་གདོང་ལས་རང་གི་འདོད་པ་ལོག་པ་རྣམས་དང་། རང་གི་ནུ་མའི་བར་ནས་ལོག་པར་གཡེམ་པ་རྣམས་སྤོང་དུ་ཆུག་ཅིག ༣ དེ་མིན་ངས་མོ་གཅེར་བུ་བྱས་ཏེ། སྐྱེས་པའི་ཞག་ལྟར་མོ་བཞག་སྟེ། མོ་འབྲོག་སྟོང་ལྟར་བྱས་ནས། ས་ཆ་སྐམ་པོ་ལྟར་བོར་ནས། སྐོམ་པས་མོའི་སྲོག་གཅད་ཀྱིས་དོགས་སོ། ༤ འོ་ན་ངས་དེའི་ཕྲུ་གུ་རྣམས་ལ་སྙིང་རྗེ་བར་མི་བྱའོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནལ་ཕྲུག་ཡིན་ཏེ། ༥ དེ་དག་གི་ཨ་མས་སྨད་འཚོང་མ་བྱས། དེ་དག་སྐྱེས་པའི་མས་ངོ་ཚའི་ལས་བྱས་སོ། གང་ལ་ཞེ་ན། ང་ལ་བག་ལེབ་དང་། ཆུ་དང་། བལ་དང་། རྩོ་མ་དང་། འབྲུ་མར་དང་། བཏུང་བ་སྟེར་བའི་ངའི་གྲོགས་པོ་ཚོའི་རྗེས་སུ་ང་འབྲང་བར་བྱའོ་ཞེས་མོས་སྨྲས་པའི་ཕྱིར་རོ༎
༦ དེ་བས་ན་ལྟོས་ཤིག རང་གི་ལམ་རྣམས་མི་ཐོབ་པའི་ཕྱིར། ངས་ཁྱོད་ཀྱི་རྒྱུ་ལམ་ཚེར་མས་བཀག་སྟེ། རྩིག་པ་ཞིག་སློང་བར་བྱའོ། ༧ ཁོ་མོ་རང་གི་གྲོགས་པོ་ཚོའི་ཕྱི་བཞིན་བདའ་ཡང་མི་ནོན། འཚོལ་ཡང་མི་ཐོབ་པས། ཁོ་མོས། ང་རང་གི་ཁྱོ་དང་པོའི་རྩར་ཕྱིར་ལོག་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ད་ལྟ་བས་སྔོན་དུ་ལེགས་པོ་ཡོད་པ་ཡིན་ཞེས་ཟེར་བར་འགྱུར། ༨ གང་ལ་ཞེ་ན། དེ་དག་གིས་བ་ཨཱལ་ལ་ཕུལ་བའི་འབྲུ་དང་། རྒུན་ཆང་གསར་པ་དང་། འབྲུ་མར་ངས་མོ་ལ་བཏང་བ་དང་། གསེར་དངུལ་སྤེལ་བར་མཛད་མཁན་ང་མ་རྟོགས་སོ། ༩ དེའི་ཕྱིར་ང་ལོག་འོང་ཞིང་སྟོན་ཐོག་གི་དུས་སུ་ངའི་འབྲུ་དང་། ནམ་དུས་སུ་ཕྱིར་ལོག་ངའི་རྒུན་ཆང་ལེན་པར་བྱས་ཏེ། དེའི་གཅེར་བུ་གབ་པའི་ཕྱིར་ངས་བཏང་བའི་བལ་དང་རྩོ་མ་ཕྱིར་ལོག་ལེན་པར་བྱའོ། ༡༠ ངས་མོའི་ངོ་ཚ་ནི་མོའི་གྲོགས་པོ་ཚོའི་མདུན་དུ་མངོན་པར་བྱས་ཏེ། ངའི་ལག་ནས་སུས་ཀྱང་མོ་སྒྲོལ་བར་མི་བྱའོ། ༡༡ ཡང་མོའི་སེམས་སྐྱིད་དང་། དུས་ཆེན་དང་། ཟླ་གསར་དང་། ཤབ་བཱད་དང་། ཆོས་སྟོན་ཐམས་ཅད་འགེགས་པར་བྱའོ། ༡༢ ཡང་འདི་ནི་ངའི་གྲོགས་པོ་རྣམས་ཀྱིས་ང་ལ་བྱིན་པའི་རྔན་པའོ་ཞེས་མོས་ཟེར་བའི་རྒུན་ཤིང་དང་། སེ་ཡབ་ཤིང་རྣམས་ངས་མེད་དུ་བྱས་ནས། དེ་རྣམས་ནགས་ཚལ་དུ་བྱས་ཏེ། ཐང་གི་དུད་འགྲོ་རྣམས་ཀྱིས་དེ་དག་ཟ་བར་འགྱུར་རོ། ༡༣ ཡང་བ་ཨ་ལིམ་གྱི་ཉིན་མོ་རྣམས་ཀྱི་ཕྱིར་རམ། མོས་དེ་དག་ལ་བདུག་སྤོས་ཀྱིས་བདུགས་ཏེ། རང་ལ་རྣ་ལོང་དང་རྒྱན་ཆས་བརྒྱན་ཏེ། གྲོགས་པོ་རྣམས་ཀྱི་ཕྱི་བཞིན་བྲངས་ནས། བདག་བརྗེད་པར་བྱས་པའི་ལན་ངས་གཞལ་ལོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༤ དེས་ན་ཀྱེ་ཧོ། ངས་མོ་སླུ་ཞིང་། འབྲོག་སྟོང་ལ་དྲངས་ནས། སྙིང་བརྩེ་བའི་གཏམ་གླེང་བར་བྱའོ། ༡༥ དེ་ནས་མོ་ལ་དེར་རང་གི་རྒུན་ཚལ་རྣམས་དང་། ཨ་ཀོར་གྱི་ལུང་པའི་ཚབ་ཏུ་རེ་བའི་སྒོ་ཞིག་གཏོད་པར་བྱའོ། ཡང་དེར་མོའི་ལང་ཚོའི་ཉིན་མོ་རྣམས་དང་། མོ་མི་སེར་ཡུལ་ནས་ཐོན་པའི་ཉིན་མོ་རྣམས་དང་འདྲ་བར་གླུ་ལེན་པར་འགྱུར་རོ༎
༡༦ ཡང་ཉིན་དེར་འབྱུང་རྒྱུ་ནི་འདི་ལྟ་སྟེ། ཁྱོད་ཀྱིས་ང་ལ་ཨི་ཤི་ཅེས་ཞུའི། སླར་བ་ཨཱལ་ཞུ་བར་མི་འགྱུར་རོ་ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༧ དེ་ཅིའི་ཕྱིར་ཞེ་ན། ངས་བ་ཨ་ལིམ་གྱི་མིང་རྣམས་མོའི་ཁ་ལས་མེད་པར་བྱས་ནས། དེ་དག་གི་མིང་རྗོད་ཅིང་ནམ་ཡང་དྲན་པར་མི་འགྱུར་རོ། ༡༨ ཡང་ཞག་དེར་ཁོ་ཚོའི་དོན་དུ་ཐང་གི་དུད་འགྲོ་དང་། གནམ་གྱི་འདབ་ཆགས་དང་། སའི་ལྟོ་འགྲོ་རྣམས་དང་བཅས་སུ་ཞལ་ཆད་འཆའ་ཞིང་། ངས་ས་གཞི་ལས་གཞུ་དང་རལ་གྲི་དང་འཐབ་མོ་མེད་པར་བྱ་སྟེ། དེ་དག་ཉེ་ཞོ་མེད་པར་ཉལ་དུ་གཞུག་གོ། ༡༩ ཡང་ཁྱོད་ངའི་གཏན་གྱི་བག་མ་བྱའོ། འོ་ན། དྲང་བ་ཉིད་དང་། ཞལ་ཆེ་དང་། བཀའ་དྲིན་དང་། ཐུགས་རྗེ་རྣམས་ཀྱི་སྒོ་ནས་ངའི་བག་མ་བྱའོ། ༢༠ འོ་ན་ངས་སེམས་དྲང་པོར་ཁྱོད་ངའི་བག་མ་བྱ་བ་དང་། ཁྱོད་ཀྱིས་ཡ་ཧོ་ཝཱ་ངོ་འཕྲོད་པར་འགྱུར་རོ༎
༢༡ ཉིན་དེར་འབྱུང་རྒྱུ་ནི། ཡ་ཧོ་ཝཱས་འདི་སྐད་གསུང་། ངས་ལན་འདེབས་པར་བྱའོ། ངས་ནམ་མཁའ་ལ་ལན་དང་། ནམ་མཁས་ས་གཞི་ལ་ལན་དང་། ༢༢ ས་གཞིས་འབྲུ་དང་རྒུན་ཆང་དང་འབྲུ་མར་ལ་ལན་དང་། དེ་དག་གིས་ཡིས་རེ་ཨེལ་ལ་ལན་འདེབས་པར་བྱའོ། ༢༣ ཡང་ངས་མོ་ཡུལ་གྱི་ནང་དུ་ས་བོན་ལྟར་འདེབས་ཤིང་། སྔར་བརྩེ་བ་མ་བརྙེས་པ་ལ་བརྩེ་ཞིང་། ངའི་མི་བརྒྱུད་མིན་པ་དེ་དག་ལ་ཁྱོད་ངའི་མི་བརྒྱུད་དོ་ཞེས་སྨྲ་བར་བྱའོ། ཡང་དེ་དག་གིས། ངའི་དཀོན་མཆོག་ལགས་ཞེས་ཞུ་བར་འགྱུར་རོ༎