དེ་ནས་ཡ་ཧོ་ཝཱས་ང་ལ། གཞན་ལྷ་རྣམས་ལ་ལྟ་ཞིང་རྒུན་ཆང་གི་བུམ་པ་ལ་ཆགས་པའི་ཨིས་ར་ཨེལ་གྱི་བུ་རྣམས་ལ་གཙོ་བོས་བྱམས་ཐུགས་མཛད་པ་ལྟར། ཁྱོད་ཡང་སོང་ལ། རང་གི་གྲོགས་པོས་གཅེས་པར་འཛིན་པའི་བུད་མེད་གཡེམ་བྱེད་མ་ཞིག་ལ་ཁྱོད་ཀྱིས་གཅེས་པར་བྱོས་ཤིག་ཅེས་གསུངས་པ་དང་།  ངས་མོ་དེ་དངུལ་བཅོ་ལྔ་དང་ནས་ཁལ་ཕྱེད་དང་གཉིས་ལ་རང་གི་ཕྱིར་ཉོས་ནས།  ངས་དེ་ལ། ཁྱོད་ཉིན་ཞག་མང་པོའི་བར་ངའི་དོན་དུ་བསྡད་དེ། སྨད་འཚོང་མའི་ལས་མ་སྤྱོད་པར་གཞན་སྐྱེས་པའི་དོན་དུ་མ་གྱུར་ཅིག དེ་བཞིན་དུ་ངའང་ཁྱོད་ཀྱི་དོན་དུ་ཡོད་པར་འགྱུར་རོ།  དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་གྱི་བུ་རྣམས་ཀྱང་ཉིན་ཞག་མང་པོར་རྒྱལ་པོ་དང་། མི་དཔོན་དང་། མཆོད་པ་དང་། རྡོ་རིང་དང་། ཨེ་ཕོད་དང་། ཐེ་ར་ཕིམ་དང་བྲལ་བར་གནས་པར་འགྱུར།  དེའི་རྗེས་ལ་ཨིས་ར་ཨེལ་གྱི་བུ་རྣམས་ཕྱིར་ལོག་ནས། ཡ་ཧོ་ཝཱ་རང་གི་དཀོན་མཆོག་དང་། དཱ་བིད་རང་གི་རྒྱལ་པོ་བཙལ་ཏེ། ཕྱི་མའི་ཉིན་མོ་རྣམས་ན་འཇིགས་བཞིན་དུ་ཡ་ཧོ་ཝཱ་དང་། ཁོང་གི་ཐུགས་རྗེའི་སྐྱབས་སུ་མཆི་བར་འགྱུར་རོ༎