༤
ཀྱེ་ཨིས་ར་ཨེལ་གྱི་བུ་རྣམས། ཡ་ཧོ་ཝཱའི་བཀའ་ལ་ཉོན་ཞིག དེ་ཅིའི་ཕྱིར་ཞེ་ན། ཡུལ་གྱི་ནང་ན་བདེན་པ་དང་། སྙིང་རྗེ་དང་། དཀོན་མཆོག་རྟོགས་པའང་མེད་པའི་རྐྱེན་གྱིས་ཡ་ཧོ་ཝཱ་ལ་ཡུལ་པ་དང་འཁྲབ་རྒྱུ་ཞིག་ཡོད། ༢ མནའ་སྐྱེལ་བ་དང་། རྫུན་ཟེར་བ་དང་། སྲོག་གཅོད་པ་དང་། རྐུ་བ་དང་ལོག་པར་གཡེམ་པ་འབའ་ཞིག་ཡོད་དེ། དེ་དག་བརྡོལ་བས། མི་གསོད་པའི་འཕྲོ་མི་ཆད་དོ། ༣ དེའི་ཕྱིར་ས་གཞིས་ཆོ་ངེས་དང་། དེའི་ནང་ན་གནས་ཚད་ཐང་གི་དུད་འགྲོ་དང་། གནམ་གྱི་འདབ་ཆགས་དང་བཅས་ཉམས་ཐག་པར་འགྱུར། དེས་མ་ཟད་རྒྱ་མཚོའི་ཉ་རྣམས་ཀྱང་སྟོར་བར་འགྱུར་རོ༎༤ ད་དུང་སུས་ཀྱང་གཞན་ལ་རྩོད་ཅིང་སྙད་མ་འགེལ་ཞིག དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་མི་བརྒྱུད་ནི་དགེ་འདུན་ལ་རྩོད་པ་རྣམས་དང་འདྲའོ། ༥ དེའི་ཕྱིར་ཉིན་མོར་ཁྱོད་འགྱེལ་བར་འགྱུར། མཚན་མོར་ཁྱོད་དང་ལྷན་གཅིག་ཏུ་ལུང་སྟོན་པའང་འགྱེལ་བར་འགྱུར། ཡང་ངས་ཁྱོད་ཀྱི་མ་མེད་པར་བྱའོ༎
༦ ངའི་མི་བརྒྱུད་ཤེས་རབ་ཀྱིས་འཕོངས་ནས་འཆི། ཁྱོད་ཤེས་རབ་ལ་སྡང་བས། ངས་ཀྱང་ཁྱོད་ལ་སྡང་ཞིང་། ཁྱོད་ངའི་དྲུང་ན་དགེ་འདུན་དུ་ལུས་པར་མི་འགྱུར་རོ། ཁྱོད་ཀྱིས་རང་གི་དཀོན་མཆོག་གི་བཀའ་ཁྲིམས་བརྗེད་པས། ངས་ཀྱང་ཁྱོད་ཀྱི་ཕྲུ་གུ་རྣམས་རྗེད་པར་བྱའོ། ༧ དེ་དག་འཕེལ་རིམ་གྱིས་ང་ལ་ལྷག་པར་ཉེས་ལྟུང་བྱས་པས། ངས་དེ་དག་གི་གྲགས་པ་ནི་ངོ་ཚ་རུ་སྒྱུར་བར་བྱའོ། ༨ དེ་དག་གིས་ངའི་མི་བརྒྱུད་ཀྱི་ཉེས་སྡིག་ལ་འཚོ་བ་བྱེད་ཅིང་། རང་གི་མི་ཚངས་པ་ལ་སྙིང་འཇུག་གོ། ༩ ཡང་མི་བརྒྱུད་ལ་འཕོག་པ་ལྟར་བླ་མ་ལའང་འཕོག་པར་འགྱུར། ཡང་ངས་དེ་དག་གི་སྤྱོད་པའི་ཕྱིར་ཆད་པས་གཅད་དེ། དེ་དག་གི་ལས་ཀྱི་རྔན་པ་དེ་དག་ལ་གཏང་ངོ་། ༡༠ ཡ་ཧོ་ཝཱ་ལ་ཟོན་བྱེད་པ་སྤངས་པས། དེ་དག་གིས་ཟ་ཡང་མི་ཚིམ་སྟེ། ལོག་པར་གཡེམ་ཡང་བརྒྱུད་འཕེལ་བར་མི་འགྱུར་རོ༎
༡༡ ལོག་པར་གཡེམ་པ་དང་། རྒུན་ཆང་དང་། རྒུན་ཆང་གསར་པས་སྙིང་སྟོར་བར་བྱེད་དོ། ༡༢ ངའི་མི་བརྒྱུད་ཀྱིས་རང་གི་ཤིང་གི་ལྟུམ་པ་རྣམས་ལ་མན་ངག་འདྲི། དེའི་དབྱུག་པས་དེ་དག་ལ་གཏམ་འཆད་དོ། ཅི་ལ་ཟེར་ན། ལོག་པར་གཡེམ་པའི་སེམས་ཀྱིས་དེ་དག་གི་ལམ་སྟོར་བཅུག་ནས། རང་གི་དཀོན་མཆོག་སྤངས་ཏེ་ལོག་པར་གཡེམ། ༡༣ རི་རྩེ་རྣམས་ན་མཆོད་པ་འབུལ་ཞིང་། རི་ཕྲན་སྟེང་དང་བེ་ཤིང་དང་དབྱར་པ་དང་ཨེ་ལཱ་ཤིང་གི་ལྐོག་ན་བདུག་སྤོས་བདུག་གོ། དེ་ནི་དེ་དག་གི་བསིལ་གྲིབ་ལེགས་པའི་ཕྱིར་རོ། དེས་ན་ཁྱོད་ཀྱི་བུ་མོ་དག་གིས་སྨད་འཚོང་མ་བྱེད། མནའ་མ་རྣམས་ལོག་པར་གཡེམ། ༡༤ ཁྱོད་ཀྱི་བུ་མོ་རྣམས་ཀྱིས་སྨད་འཚོང་མ་དང་། མནའ་མ་རྣམས་ཀྱིས་ལོག་པར་གཡེམ་པའི་ཚེ་ན་ངས་དེ་དག་ལ་ཆད་པ་མི་གཅད། ཅི་ལ་ཞེ་ན། དེ་དག་ཁོ་རང་རྣམས་ཀྱང་གཡེམ་མོ་བཅས་འབྱོལ་ཞིང་། སྨད་འཚོང་མ་རྣམས་དང་འགྲོགས་ནས་མཆོད་པ་འབུལ་ལོ། དེ་བས་ན་གོ་བ་མེད་པའི་མི་སྡེ་འདི་སྣུབ་པར་འགྱུར་རོ༎
༡༥ ཨིས་ར་ཨེལ་ཁྱོད་འདོད་ཆགས་ལ་སྤྱོད་ཀྱང་། ཡ་ཧུ་དཱ་ཡང་ལྟུང་དུ་མ་ཆུག་ཅིག གིལ་གལ་དུ་མ་འོང་ཞིག བེད་ཨ་ཝེན་ཁར་མ་འཛེགས་ཤིག ཡ་ཧོ་ཝཱ་གསོན་པོའོ། ཞེས་མནའ་མ་སྐྱེལ་ཞིག ༡༦ དེ་ཅི་ལ་ཟེར་ན། རྒྱབ་ལོག་བྱེད་པའི་བེའུ་བཞིན་ཨིས་ར་ཨེལ་གྱིས་རྒྱབ་ལོག་བྱེད། ད་ཡ་ཧོ་ཝཱས་དེ་དག་གུ་ཡངས་སར་ལུ་གུ་བཞིན་འཚོ་བར་འགྱུར་རམ། ༡༧ ཨེབ་ར་ཨིམ་སྐུ་འདྲ་དང་འཆམ་པས། དེ་བོར་ལ་ཐོང་། ༡༨ དེ་དག་གི་ཆང་སྐྱུར་མོར་གྱུར་ནས། སྟུད་མར་ལོག་གཡེམ་བྱེད། མོའི་དཔོན་པོ་རྣམས་ཀྱིས་ངོ་ཚའི་ལས་ལ་རབ་ཏུ་དགའ། ༡༩ རླུང་གིས་རང་གི་ཤོག་པ་རྣམས་ནང་མོ་བཏུམ་སྟེ། རང་གི་མཆོད་པ་རྣམས་ཀྱིས་དེ་དག་སྐྱེངས་པར་འགྱུར་རོ༎