༥
ཀྱེ་བླ་མ་རྣམས་འདི་ལ་ཉོན། ཀྱེ་ཨིས་ར་ཨེལ་གྱི་མི་བརྒྱུད་ཉོན། ཀྱེ་རྒྱལ་པོའི་ཁྱིམ་ཚང་། ཉོན་ཞིག དེ་ཅིའི་ཕྱིར་ཞེ་ན། མིས་པཱ་ལ་ཁྱོད་རྙི་དང་། ཐ་བོར་ན་རྒྱ་བཙུགས་མཁན་དུ་གྱུར་པས། བཀའ་ཆད་ནི་ཁྱོད་ལ་འཕོག་པར་འགྱུར། ༢ ངོ་ལོག་པ་རྣམས་ཀྱིས་གསོད་བྱའི་སེམས་ཅན་མང་ཙམ་གསོད་ཀྱི། ངས་དེ་དག་ཆད་པས་གཅད་དོ། ༣ ཨེབ་ར་ཨིམ་ངས་ཤེས་ཏེ། ཨིས་ར་ཨེལ་ཡང་ང་ནས་སྦས་པ་མེད་དོ། དེ་ཅི་ལ་ཟེར་ན། ཀྱེ་ཨེབ་ར་ཨིམ། ད་ཁྱོད་ལོག་པར་གཡེམ་སྟེ། ཨིས་ར་ཨེལ་བརླགས་པར་གྱུར་ཏོ༎༤ དེ་དག་གི་སྤྱོད་པས་རང་གི་དཀོན་མཆོག་གི་དྲུང་དུ་ཕྱིར་ལོག་ཏུ་མི་འཇུག་གོ། གང་ལ་ཞེ་ན། དེ་དག་གི་ནང་ན་ལོག་པར་གཡེམ་པའི་སེམས་ཡོད་པས། ཡ་ཧོ་ཝཱ་ནི་མི་ཤེས་སོ། ༥ ཨིས་ར་ཨེལ་གྱི་དཔལ་གྱིས་དེའི་གདོང་ལ་དཔང་བྱེད། དེའི་ཕྱིར་ཨིས་ར་ཨེལ་དང་ཨེབ་ར་ཨིམ་གཉིས་རང་རང་གི་མི་རིགས་པའི་དཔང་གིས་ལྟུང་བ་དང་། དེ་དག་དང་མཉམ་ཡ་ཧུ་དཱའང་ལྟུང་འོང་། ༦ ཡ་ཧོ་ཝཱས་དེ་དག་དང་འབྲེལ་བཅད་པས། དེ་དག་ལུག་ཁྱུ་དང་བ་ཁྱུ་རྣམས་དང་བཅས་ཁོང་འཚོལ་དུ་འགྲོ་ཡང་རྙེད་པར་མི་འགྱུར་རོ། ༧ དེ་དག་ལས་ནལ་ཕྲུག་ཆད་པས། ཡ་ཧོ་ཝཱ་ལ་ལོག་པར་བྱས་སོ། ད་ཟླ་གསར་གྱིས་དེ་དག་རང་གི་ཟ་སྐལ་དང་ལྷན་ཅིག་ཏུ་ཚར་གཅོད་པར་འགྱུར་རོ༎
༨ ཀྱེ་བེན་ཡ་མིན། ཁྱོད་ལ་འདེད་པས། གི་བེ་ཨ་ན་རྭ་དུང་དང་། རཱ་མཱ་ལ་དུང་ཕུས་ཤིག བེད་ཨ་ཝེན་ན་ཀི་ཀི་ཐོང་ཞིག ༩ བཀའ་བཀྱོན་གྱི་ཉིན་པར་ཨེབ་ར་ཨིམ་སྟོངས་པར་འགྱུར། ངེས་པར་འབྱུང་རྒྱུ་རྣམས་ཨིས་ར་ཨེལ་གྱི་སྡེ་རྣམས་ཀྱི་ནང་དུ་ངས་མངོན་པར་བྱས། ༡༠ ཡ་ཧུ་དཱའི་སྐུ་དྲག་རྣམས་ནི་ས་མཚམས་རྡོ་རྟགས་སྐྱེད་མཁན་རྣམས་དང་འདྲ་བས། ངས་རང་གི་ཐུགས་ཁྲོ་ཆུ་བཞིན་དེ་དག་གི་ཁར་བླུག་པར་བྱའོ། ༡༡ ཨེབ་ར་ཨིམ་ཡིད་མགུ་བཞིན་སྙིང་པོ་མེད་པའི་རྗེས་སུ་འབྲངས་པས། མནན་ཞིང་བཀའ་ཆད་ཀྱིས་རྫིའོ། ༡༢ དེ་བས་ན་ང་ཨེབ་ར་ཨིམ་ལ་མུག་པ་དང་། ཨིས་ར་ཨེལ་ལ་འབུ་དང་འདྲ་བར་འགྱུར་བར་འགྱུར།
༡༣ ཨེབ་ར་ཨིམ་རང་གི་ནད་དང་། ཡ་ཧུ་དཱ་རང་གི་རྨ་མཐོང་བའི་ཚེ། ཨེབ་ར་ཨིམ་ནི་ཨ་སུར་ལ་ཕྱིན་ཏེ། རྒྱལ་པོ་ཡ་རེབ་༼བོད་སྐད་དུ་སྡང་བ་༽ལ་མི་རྣམས་མངགས་ཀྱིས། དེས་ཁྱོད་གསོ་བར་མ་ནུས། རྨ་ཡང་གསོ་བར་བྱེད་མ་ནུས་སོ། ༡༤ དེ་ཅིའི་ཕྱིར་ཞེ་ན། ང་ནི་ཨེབ་ར་ཨིམ་ལ་སེང་གེ་ལྟ་བུ་དང་། ཡ་ཧུ་དཱའི་མི་བརྒྱུད་ལ་སེང་གེ་དར་མ་ལྟ་བུར་འགྱུར་བ་དང་། ང་རང་གིས་ཧྲལ་ནས་བཞུད་པར་བྱའོ། ངས་འཁྱེར་བས། སུས་ཀྱང་མི་བསྒྲལ་ལོ། ༡༥ དེ་དག་གིས་གནོང་མ་བཀུར་ཞིང་། ངའི་ཞལ་ངོ་བཙལ་བའི་བར་དུ། ང་བཞེངས་ནས་ཉིད་ཀྱི་གནས་སུ་ལོག་པར་བྱ། ཁོ་རང་ཚོའི་སྡུག་གི་ནང་ན་དེ་དག་གིས་སྔ་གསར་ང་འཚོལ་བར་འགྱུར་རོ༎