ཤོག་ལ། ངེད་ཡ་ཧོ་ཝཱའི་ཕྱོགས་སུ་ཕྱིར་ལོག་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ཁོང་གིས་རྨ་ཕྱུང་ནའང་། ཁོང་ཉིད་ཀྱིས་གསོ་བར་མཛད་པར་འགྱུར། ཁོང་གིས་བརྡུངས་ཀྱང་། ངེད་ཀྱི་རྨ་ཁོང་གིས་བསྡམ་པར་འགྱུར་རོ།  ཞག་གཉིས་ནས་ངེད་སླར་གསོན་པོར་མཛད་དེ། ཞག་གསུམ་པར་ངེད་བསྒྲེངས་ནས། ཁོང་གི་སྤྱན་སྔར་འཚོ་བར་འགྱུར།  དེ་ནས་ངེད་ཀྱིས་ཁོང་རྟོགས་པའི་རིགས། ཡ་ཧོ་ཝཱ་ངོ་འཕྲོད་པའི་ཕྱིར་སྙིང་རུས་བྱའོ། ཁོང་ཕེབས་པ་ནི་ཐོ་རངས་ལྟར་ཏན་ཏན་ནོ། ཆར་དུས་བཞིན་ཁོང་ངེད་རྩར་འབྱོན་པར་འགྱུར། ས་གཤེར་བར་བྱེད་པའི་ཆར་པ་ཕྱི་མ་བཞིན་དུའོ༎
 ཀྱེ་ཨེབ་ར་ཨིམ། ངས་ཁྱོད་ལ་ཅི་བྱ། ཀྱེ་ཡ་ཧུ་དཱ། ངས་ཁྱོད་ལ་ཅི་བྱ། གང་ལ་ཞེ་ན། ཁྱོད་ཀྱི་སྙིང་རྗེ་ནི་ཐོ་རངས་ཀྱི་སྤྲིན་དང་སྔ་གསར་ཡལ་བའི་ཟིལ་པ་དང་འདྲའོ།  དེའི་ཕྱིར་ངས་ལུང་སྟོན་པའི་སྒོ་ནས་དེ་དག་བརྡེགས་ནས། ཁོ་བོའི་ཞལ་གྱི་གསུང་རྣམས་ཀྱིས་དེ་དག་བསད་པ་ཡིན། ཁྱོད་ཀྱི་བར་ཆོད་རྣམས་སྐྱ་འོད་ལྟར་འབྱུང་བར་ངེས།  དེ་ཅིའི་ཕྱིར་ཞེ་ན། ང་ནི་མཆོད་པ་ལ་མི་དགའ། སྙིང་རྗེའི་སེམས་ལ་དགའ། སྦྱིན་སྲེག་རྣམས་ལས་དཀོན་མཆོག་ངོ་འཕྲོད་པ་ལ་ལྷག་པར་དགའོ།  འོན་ཀྱང་དེ་དག་ནི་ཞལ་ཆད་ལས་འགལ་བའི་མི་དང་འདྲ་སྟེ། དེར་ང་ལ་ལོག་པར་བྱས།  གིལ་ཨད་ནི་མི་ཚངས་པ་བྱེད་པའི་གྲོང་ཁྱེར་ཡིན་ཏེ། ཁྲག་གིས་གྲིབ་ཕོག་པའོ།  མི་ལ་འཇབ་པའི་ཇག་པའི་དཔུང་བཞིན་དུ་སི་ཀེམ་གྱི་ལམ་ན་བླ་མའི་ཚོགས་ཀྱིས་གསོད་པར་བྱེད། འོ་ན། དེ་དག་གིས་མཚམས་མེད་པའི་ལས་བྱས། ༡༠ ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་ནང་དུ་འཇིགས་སུ་རུང་བ་ཞིག་ངས་མཐོང་། དེར་ཨེབ་ར་ཨིམ་གྱི་ལོག་པར་གཡེམ་པ་ཡོད། ཨིས་ར་ཨེལ་ལའང་གྲིབ་ཕོག ༡༡ ངས་རང་གི་མི་བརྒྱུད་བཙོན་ལས་ལྡོག་པའི་ཚེ། ཀྱེ་ཡ་ཧུ་དཱ། ཁྱོད་ལའང་སྟོན་ཐོག་ཅིག་ཐོབ་པར་ཐག་ཆོད་དོ༎