ངས་ཨིས་ར་ཨེལ་གསོ་བར་གཟས་པ་ལས། ཨེབ་ར་ཨིམ་གྱི་ཉེས་པ་དང་། ས་མར་ཡཱའི་ལས་ངན་མངོན་དུ་བྱུང་། ཅི་ལ་ཞེ་ན། དེ་རྣམས་ཀྱིས་དཀུ་ལྟོ་བྱེད། ནང་དུ་རྐུན་མ་འཛུལ། ཕྱི་ན་ཇག་པའི་དཔུང་གིས་འཕྲོག  ངས་དེ་དག་གི་ལས་ངན་ཐམས་ཅད་ཐུགས་དྲན་ནོ་ཞེས་དེ་ཚོས་རང་གི་སྙིང་ན་བསམ་བློ་མི་གཏོང་། ད་ལྟ་དེ་དག་རང་གི་ལས་རྣམས་ཀྱིས་ཀུན་ནས་སྐོར། དེ་རྣམས་ངའི་ཞལ་ངོར་གདའ།
 དེ་ཚོས་རང་གི་ལས་ངན་གྱིས་རྒྱལ་པོ་དང་། བརྫུན་གྱིས་སྐུ་དྲག་རྣམས་མགུ་བར་བྱེད།  དེ་ཐམས་ཅད་གཡེམ་པོའོ། དེ་ཚོ་ནི་བག་ལེབ་བརྒྱབ་མཁན་གྱིས་ཚ་བར་བྱས་པའི་ཐབ་དང་འདྲ་སྟེ། བག་ཟན་སྦྲུས་པ་ནས་སྐྱུར་མ་ལང་བའི་བར་དུ་མིན་པ་འབར་འཕྲོ་མི་ཆད་དོ།  ངེད་ཀྱི་རྒྱལ་པོའི་ཉིན་མོར་སྐུ་དྲག་རྣམས་ཀྱིས་རྒུན་ཆང་བཏུངས་པའི་ཚད་ཀྱིས་གཟུགས་པོ་མི་བདེ་བས། ཤོབ་ཅན་དག་དང་འགྲོགས་ནས་དེས་ལག་པ་བརྐྱངས།  ལྐོག་འཇབ་བྱེད་ཀྱིན་རང་གི་སྙིང་ཐབ་ལྟར་བྱས། དེ་དག་གི་བག་ལེབ་རྒྱབ་མཁན་མཚན་ཐོག་ཐག་གཉིད་ལོག་ནས། སྔ་དྲོར་མེ་ལྕེ་དང་ལྡན་པའི་མེ་ལྟར་འབར།  དེ་ཐམས་ཅད་ཐབ་ལྟར་འབར་ཏེ། རང་གི་ཁྲིམས་དཔོན་རྣམས་ནི་མིད་པར་བྱེད། དེའི་རྒྱལ་པོ་ཐམས་ཅད་ལྷུང་ནས་འདུག དེ་དག་གི་ཁྲོད་ན་ངའི་མཚན་བརྗོད་མཁན་སུའང་མེད།
 ཨེབ་ར་ཨིམ་ནི་ཕྱི་པ་རྣམས་དང་འདྲེས་པས། ཨེབ་ར་ཨིམ་ནི་མ་བཟློགས་པའི་བག་ལེབ་དང་འདྲ།  རྒྱལ་ཁམས་པ་རྣམས་ཀྱིས་དེའི་སྟོབས་མིད་ནས་ཀྱང་དེས་མ་ཤེས། བར་བར་ལ་སྐྲ་དཀར་ཡོད་ཀྱང་དེས་མ་ཤེས། ༡༠ ཨིས་ར་ཨེལ་གྱི་དཔལ་ལགས་པ་དེས་ནི་དེའི་གདོང་ལ་དཔང་པོ་བྱེད་མོད་ཀྱིས། ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་ཕྱོགས་སུ་མ་ལོག དེ་ཐམས་ཅད་ཀྱི་སྟེང་དུའང་ཁོང་མ་བཙལ་ཏོ། ༡༡ ཨེབ་ར་ཨིམ་ནི་སྙིང་མེད་པའི་ཕུག་རོན་བསམ་མེད་དང་འདྲ། དེ་དག་གིས་མི་སེར་ཡུལ་ལ་འབོད་ཅིང་། ཨ་སུར་ལ་འགྲོའོ། ༡༢ དེ་དག་འགྲོ་དུས་ངས་རང་གི་རྒྱ་དེ་དག་གི་ཐོག་ཏུ་དབབ་བོ། གནམ་གྱི་བྱ་ལྟར་ཐུར་དུ་ཕབ་ནས། དེ་དག་གི་ཚོགས་ཀྱི་ནང་དུ་ཐོས་ཡོད་པ་བཞིན་དུ་དེ་དག་ལ་ཆད་པས་གཅད་དོ། ༡༣ དེ་དག་ང་ལས་བྲོས་པས་བཀྲ་མི་ཤིས། ང་ལ་ངོ་ལོག་བྱས་པས་འཆི་བ་དེ་དག་གི་ཁར་ཡོད། ངས་དེ་དག་སྐྱོབ་པར་འདོད་ཀྱང་། དེ་དག་གིས་ང་ལ་རྫུན་རྒྱབས།
༡༤ དེ་དག་རང་གི་མལ་སྟན་ཁར་དུ་ཡང་། དེ་དག་གིས་ང་ལ་སྙིང་ནས་མ་བོས། དེ་དག་འབྲུ་དང་རྒུན་ཆང་གི་ཕྱིར་ཚོགས་ནས། ང་ལ་ངོ་ལོག་བྱེད། ༡༥ ངས་དེ་དག་ལ་བསླབས་ནས་ཕྲག་པ་ལ་སྟོབས་བཅུག་མོད། ད་དུང་ང་ལ་བསམ་སྦྱོར་ངན་པ་བྱེད། ༡༦ དེ་དག་འཁོར་ཡང་། བླ་ན་མེད་པ་ཁོང་གི་ཕྱོགས་སུ་མི་འཁོར་རོ། དེ་རྣམས་མགོ་བསྐོར་བའི་གཞུ་འདྲ། དེ་དག་གི་སྐུ་དྲག་རྣམས་རང་གི་ཁ་པོ་ཆེའི་ལྕེའི་རྐྱེན་གྱིས་རལ་གྲིས་སྙལ་བར་འགྱུར། དེའི་ཕྱིར་མི་སེར་ཡུལ་ན་དེ་དག་ལ་འཕྱ་བར་འགྱུར་རོ༎