༡༢
ཡང་དེའི་ཚེ་ཁྱེད་ཀྱི་མི་བརྒྱུད་སྐྱོབ་ཏུ་ལྡང་བའི་དཔོན་པོ་ཆེན་པོ་མི་ཀ་ཨེལ་ལྡང་བར་འགྱུར། ཡང་མི་བརྒྱུད་ཀྱི་ཐོག་མ་ནས་དུས་དེའི་བར་དུ་ནམ་ཡང་མ་བྱུང་བའི་སྡུག་བསྔལ་བའི་དུས་ལ་འབབ་འོང་། དེའི་ཚེ་ན་ཁྱེད་ཀྱི་མི་བརྒྱུད་ལས་གླེགས་བམ་ནང་མིང་ཆུད་ཚད་ཐར་བར་འགྱུར། ༢ ཡང་སའི་ཐལ་བའི་ནང་དུ་གཉིད་ལོག་པ་མང་པོའི་གཉིད་སད་འོང་། ལ་ལ་ཚེ་མཐའ་ཡས་པ་དང་། ལ་ལ་སྐྱེང་བ་དང་མཐའ་མེད་པའི་སྨད་པ་མྱོང་བའི་ཕྱིར་དུའོ། ༣ ཡང་མི་མཁས་པ་རྣམས་ནམ་མཁའི་མདངས་ལྟར་དང་། མང་པོ་ཆོས་དྲང་པོར་བཀོད་པ་རྣམས་རྒྱུན་ནས་རྒྱུན་དུ་སྐར་མ་རྣམས་དང་འདྲ་བར་སྣང་བར་འགྱུར། ༤ འོན་ཀྱང་ཁྱེད་ཀྱེ་དཱ་ནི་ཨེལ། གསུང་འདི་དག་གབ་ཅིང་། མདོ་ལ་དུས་མཐའ་མའི་བར་དུ་ཐེ་ཚེ་རྒྱོབ་ལ། ཕར་ཚུར་མང་པོས་ཉུལ་ཞིང་རིག་པ་འཕེལ་བར་འགྱུར་རོ། ཞེས་ལུང་བསྟན་ཏོ༎༥ ཡང་ང་དཱ་ནི་ཨེལ་གྱིས་བལྟས་པ་ལས། ཀྱེ་ཧོ། གཞན་གཉིས། གཅིག་གཙང་པོའི་ཚུར་རོལ་གྱི་འགྲམ་ན། གཞན་དེ་གཙང་པོའི་ཕ་རོལ་གྱི་འགྲམ་ན་བཞེངས་འདུག ༦ ཡང་གཅིག་དེས། ཀ་ཤི་ཀའི་ན་བཟའ་གསོལ་ཞིང་གཙང་པོའི་ཆུ་རྣམས་ཀྱི་སྟེང་ན་བཞུགས་པ་དེ་ལ། ངོ་མཚར་བའི་བྱ་བ་འདི་དག་དུས་ཅི་ཙམ་གྱི་འོག་ཏུ་འགྲུབ་པར་འགྱུར་ཞེས་དྲིས་སོ༎
༧ ཡང་ངས་ཐོས་པ་ནི། ཀ་ཤི་ཀའི་ན་བཟའ་གསོལ་ཞིང་གཙང་པོའི་ཆུ་རྣམས་ཀྱི་སྟེང་ན་བཞུགས་པའི་སྐྱེས་བུ་དེས་རང་གི་ཕྱག་གཡས་གཡོན་གཉིས་པོ་ནམ་མཁའི་ཕྱོགས་སུ་བཏེགས་ནས། རྒྱུན་དུ་གསོན་པོ་ལགས་པ་དེའི་མནའ་བཞེས་ཤིང་འདི་སྐད་དུ། ད་དུང་དུས་གཅིག་དང་། དུས་རྣམས་དང་། དུས་ཕྱེད་ལུས་འོང་། དེ་དག་གིས་མི་དམ་པ་དག་གི་སྟོབས་ཟད་པར་བྱས་པའི་ཚེ་འདི་ཐམས་ཅད་འགྲུབ་འོང་། ༨ དེ་ངས་ཐོས་ཀྱང་ཧ་མ་གོ་བས། ངས་དེ་ལ། ཀྱེ་ངའི་ཇོ་བོ། འདི་དག་གི་མཐའ་མ་ལ་ཅི་འབྱུང་བར་འགྱུར་ཞེས་ཞུས་པ་དང་།
༩ དེ་ན་རེ། ཀྱེ་དཱ་ནི་ཨེལ། ཁྱེད་རང་གི་ལམ་ལ་ཞུགས་ཤིག གསུང་འདི་དག་དུས་མཐའ་མའི་བར་དུ་ཐེ་སྦྱར་གབ་ནས་ལུས་འོང་། ༡༠ མི་དུ་མ་གཙང་བ་དང་དཀར་པོར་བྱ་སྟེ། ལྷད་འདོན་པར་འགྱུར་རོ། འོན་ཀྱང་ངན་པས་ངན་པ་བྱེད་པར་འགྱུར། ངན་པའི་ཁྲོད་ནས་སུས་ཀྱང་འདི་མི་གོ། འོན་ཀྱང་མཁས་པ་རྣམས་ཀྱིས་ཁོང་དུ་ཆུད་པར་འགྱུར། ༡༡ ཡང་རྒྱུན་མཆོད་བཅད་ནས། སྟོངས་བྱེད་ཀྱི་ཞེན་ལོག་དེ་བསྒྲེང་བའི་དུས་ལས་ཉིན་ཞག་ཆིག་སྟོང་ཉིས་བརྒྱ་དགུ་བཅུ་ཐམ་པ་ལུས་པར་འགྱུར་རོ་། ༡༢ སྒུག་པ་དང་། ཉིན་ཞག་ཆིག་སྟོང་སུམ་བརྒྱ་སོ་ལྔའི་བར་དུ་བསླེབ་པ་ནི་བདེའོ༎
༡༣ འོན་ཀྱང་མཐའ་མའི་བར་དུ་ཁྱེད་རང་གི་ལམ་ལ་ཞུགས་ཤིག དེ་ཅིའི་ཕྱིར་ཞེ་ན། ཁྱེད་རྣལ་དུ་གནས་ཤིང་། མཐའ་མའི་ཉིན་མོར་རང་གི་སྐལ་བའི་ནང་དུ་ལྡང་བར་འགྱུར་རོ༎ ༎