༡༡
དེའང་མ་དཱ་ཨི་པ་དར་ཡཱའི་སྲིད་བྱེད་པའི་ལོ་དང་པོ་ལ། ངས་དེ་འཚུགས་པ་དང་། སྟོབས་འཇུག་ཏུ་ལངས་ཡོད་པ་ཡིན།  ད་ངས་ཁྱེད་ལ་བདེན་པ་དེ་སྟོན་པར་བྱའོ༎
ལྟོས་ཤིག ཏ་ཟིག་ནས་ད་དུང་རྒྱལ་པོ་གསུམ་འཐོན་འོང་། ཡང་བཞི་པ་དེ་གཞན་ཀུན་པས་ལྷག་པར་ཕྱུག་པོར་གྱུར་ཏེ། ནོར་གྱི་སྟོབས་དང་ལྡན་པའི་ཚེ་ན། དེས་གཞན་ཚང་མ་ཧེལ་ལེན་རྒྱལ་ཁམས་ཀྱི་དགྲར་སློང་བར་བྱའོ།  འོན་ཀྱང་རྒྱལ་པོ་དབང་ཅན་ཞིག་ཐོན་ནས། དབང་སྲིད་ཆེན་པོས་སྲིད་བྱ་ཞིང་། རང་དགའ་བར་སྤྱོད་པར་འགྱུར།  ཡང་དེ་ནི་ཚུགས་པར་གྱུར་པའི་ཚེ་ན། དེའི་རྒྱལ་ཁམས་ཆག་ཅིང་། ནམ་མཁའི་རླུང་བཞིའི་ཐད་དུ་འགྱེ་བར་འགྱུར་གྱི། དེའི་བརྒྱུད་འཛིན་ལའང་མི་ཐོབ། དེའི་སྲིད་དང་འདྲ་བའང་ཡོད་པར་མི་འགྱུར་རོ། ཅི་ལ་ཟེར་ན། དེའི་རྒྱལ་སྲིད་རྩ་བ་ནས་ཕྱུང་སྟེ། འདི་རྣམས་ལ་མ་གཏོགས་པར་གཞན་ལའང་དེ་ཐོབ་པར་འགྱུར་བའི་ཕྱིར་རོ༎
 ཡང་དེའི་སྐུ་དྲག་གི་ནང་ནས་གཅིག་ཡིན་པའི་ལྷོ་རྒྱལ་པོ་ནི་སྟོབས་དང་ལྡན་ཏེ། དེ་བས་ཀྱང་ལྷག་པའི་སྟོབས་དང་ལྡན་ཏེ། རྒྱལ་སྲིད་ཐོབ་ཅིང་། དེའི་རྒྱལ་ཁམས་ཆེན་པོ་ཞིག་ཡོད་པར་འགྱུར་རོ།  ལོ་ཁ་ཅིག་གི་མཐར་དེ་དག་ཕན་ཚུན་དུ་སྦྲེལ་བར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ཁ་འདྲིལ་བྱེད་དུ་ལྷོ་རྒྱལ་པོའི་བུ་མོ་བྱང་རྒྱལ་པོའི་རྩར་བསླེབ་ནའང་། ཁོ་མོ་ལ་ཕྲག་པའི་སྟོབས་ལུས་མི་འགྱུར། དེ་དང་དེའི་ཕྲག་པ་ལའང་སྟོབས་མ་ལུས་པར། ཁོ་མོ་དང་། ཁོ་མོ་དྲངས་པ་རྣམས་དང་། ཁོ་མོའི་སྐྱེད་པ་པོ་དང་། ཉིན་མོ་དེ་རྣམས་ན་ཁོ་མོ་ལ་སྟོབས་བཅུག་མཁན་དང་བཅས་སུ་འདོར་བར་བྱའོ།  འོན་ཀྱང་ཁོ་མོའི་རྩ་བ་ནས་སྐྱེས་པའི་ལྕུག་མ་ཞིག་དེའི་མལ་དུ་འཐོན་པར་འགྱུར་ཏེ། དེ་ནི་དམག་དཔུང་དང་བཅས་སུ་འོང་ནས། བྱང་རྒྱལ་པོའི་རྫོང་དུ་ཞུགས་ཤིང་དེ་དག་དང་འཐབ་ནས་རྒྱལ་ཏེ།  དེ་དག་གི་ལྷ་རྟེན་དང་བླུགས་སྐུ་དང་། དེ་དག་གི་གསེར་དངུལ་གྱི་ཡོ་བྱད་རིན་ཐང་ཆེ་བ་རྣམས་དང་བཅས་མི་སེར་ཡུལ་ལ་བཙོན་དུ་འཁྱེར་བར་འགྱུར། ཡང་དེས་བྱང་རྒྱལ་པོ་ལ་ལོ་ཁ་ཤས་དམག་མི་འདྲེན་ཏེ།  ལྷོ་རྒྱལ་པོའི་ཡུལ་ཁམས་སུ་ཞུགས་ནས། ཕྱིར་རང་ཡུལ་དུ་འཁོར་བར་འགྱུར་རོ༎
༡༠ འོན་ཀྱང་དེའི་བུ་རྣམས་ཀྱི་ནང་ཁྲུགས་ཏེ། དམག་དཔུང་ཆེན་པོ་རྣམས་བསྡུས་ནས་འོངས་ཏེ། ལུད་ཅིང་། རྒལ་ཞིང་། ཕྱིར་ལྡོག་པ་དང་། དེའི་རྫོང་ལ་མ་ཕྱིན་པའི་བར་དུ་འཐབ་པར་བྱའོ། ༡༡ དེ་ནས་ལྷོ་རྒྱལ་པོ་ཁྲོ་བས་འབར་ཞིང་ཕྱིར་བྱུང་ནས། དེ་ཀ་བྱང་རྒྱལ་པོ་དང་འཐབ་འོང་། དེས་དམག་ཚོགས་ཆེན་པོ་མངག་ཀྱང་། དམག་ཚོགས་དེ་ནི་དེའི་ལག་ཏུ་ཡལ་བར་འགྱུར། ༡༢ ཁོས་དམག་ཚོགས་དེ་བཅོམ་པའི་ཚེ་ན། དེའི་སྙིང་བསྙེམས་ཤིང་། སྟོང་ཁྲི་མང་པོ་སྐྱེལ་བར་བྱ་ནའང་། སྟོབས་འབྱུང་བར་མི་འགྱུར་རོ༎
༡༣ དེ་ཅི་ལ་ཟེར་ན། བྱང་རྒྱལ་པོ་སླར་འོང་ཞིང་། སྔ་མ་བས་གཡོར་ཆེ་བའི་དམག་ཚོགས་བསྡུས་ནས། ལོ་འགའི་འོག་ཏུ་རང་གི་དམག་ཚོགས་ཆེན་པོ་དེ་དང་། ནོར་མང་པོ་བཅས་འོང་བར་འགྱུར་རོ། ༡༤ ཉིན་མོ་དེ་རྣམས་ན་མང་པོས་ལྷོ་རྒྱལ་པོ་ལ་དམག་འདྲེན་ཞིང་། ཁྱེད་ཀྱི་མི་བརྒྱུད་ཀྱི་མི་དྲག་པོ་རྣམས་ཀྱིས་ཞལ་གཟིགས་དེ་སྒྲུབ་ཏུ་ལང་ཡང་ལྟུང་བར་འགྱུར་རོ། ༡༥ དེའང་བྱང་རྒྱལ་པོ་འོངས་ཏེ། ཕག་རས་བསྐོར་ཏེ་གྲོང་ཁྱེར་བརྟན་པོ་ཞིག་ལེན་པ་དང་། ལྷོ་ཕྱོགས་ཀྱི་ཕྲག་པའང་མལ་དུ་ལུས་པ་མ་ཟད། དེས་འདམས་པའི་མི་རྣམས་ཀྱི་ནང་ནའང་མལ་དུ་ལུས་པའི་སྟོབས་ཡོད་པར་མི་འགྱུར་རོ། ༡༦ དེ་ལ་འཐབ་ཏུ་འོང་བ་དེས་རང་དགའ་བར་སྤྱད་ཅིང་། སུས་ཀྱང་མ་ཐུབ་པར། དཔལ་ལྡན་ཡུལ་དུའང་འགྲེང་ཞིང་། དེ་ནི་ཡོངས་སུ་དེའི་ལག་ཏུ་བསླེབ་འོང་།
༡༧ རང་གི་རྒྱལ་སྲིད་ཧྲིལ་པོའི་སྟོབས་དང་བཅས་དེར་འཇུག་ཏུ་ཁ་ལོ་སྒྱུར་ཞིང་། དེ་དང་ལྷན་ཅིག་ཏུ་མི་དྲང་པོ་ཚོའང་ཡོད་པར་འགྱུར་ཏེ། འདི་བཞིན་སྤྱོད་པར་བྱའོ། དེ་སླད་པའི་དོན་དུ་བུད་མེད་རྣམས་ཀྱི་བུ་མོ་བསྟེར་ཡང་། ཁོ་མོ་དེར་མི་འཁད། དེ་ལ་གཉེར་བར་ཡང་མི་འགྱུར་རོ། ༡༨ དེའི་རྗེས་ལ་གླིང་ཕྲན་ཚོའི་ཕྱོགས་སུ་ཁ་ལོ་བསྒྱུར་ཞིང་། མང་པོ་འཛིན་པར་བྱའི། དཔོན་པོ་ཞིག་གིས་དེའི་ཕྱོགས་ནས་བཏང་བའི་སྨད་སྒྲ་མེད་དུ་བྱ་བ་མ་ཟད། སྨད་སྒྲ་དེ་ཁོ་རང་གི་ཁར་ཟློག་པར་བྱའོ། ༡༩ དེ་ནས་དེས་རང་ཡུལ་གྱི་རྫོང་རྣམས་ཀྱི་ཐད་དུ་ཁ་ལོ་བསྒྱུར་ཡང་། སྣ་རྡོས་ཐོགས་ཤིང་གྱེལ་ནས་སྟོར་བར་འགྱུར་རོ༎
༢༠ དེའི་མལ་དུ་རྒྱལ་ཁམས་ཀྱི་དཔལ་ཡིན་པའི་ཕྱོགས་ནས་དཔྱ་ཁྲལ་ལེན་མི་རྣམས་མངག་མཁན་ཞིག་འཐོན་པར་འགྱུར་གྱི། ཁོང་ཁྲོ་དང་འཐབ་མོ་མེད་པར་ཞག་ཉུང་ཙམ་ན་དེ་མེད་པར་འགྱུར་རོ༎
༢༡ ཡང་དེའི་མལ་དུ་མི་ཐུ་ཤོག་ཅིག་འཐོན་པར་འགྱུར། དེ་ལ་རྒྱལ་སྲིད་ཀྱི་ཞེ་ས་མ་བསྟེར་ཡང་། མ་འཐབ་པར་འོངས་ནས་གདོང་སྟོད་བྱེད་ཀྱིན་རྒྱལ་སྲིད་དེ་ལེན་པར་འགྱུར། ༢༢ ཆུ་རུད་འདྲ་བའི་ཕྲག་པས་དེ་རྣམས་ཁོའི་མདུན་ནས་འཕྱག་ཅིང་། ཆག་པར་འགྱུར། ཞལ་ཆད་ཀྱི་དཔོན་པོ་ལའང་དེ་བཞིན་ནོ། ༢༣ དེ་མཉམ་ཆད་དོན་བསྒྲུབས་པའི་རྗེས་ལའང་དེས་མགོ་སྐོར་བར་བྱའོ། ཅི་ལ་ཟེར་ན། དེས་དམག་དྲངས་ནས། མི་ཉུང་ངུའི་ར་མདས་ཆེན་པོར་འགྱུར་བར་འགྱུར་རོ། ༢༤ མ་འཐབ་པར་ལྗོངས་ཀྱི་གནས་སྐྱིད་པོ་རྣམས་ཀྱི་ནང་དུ་ཞུགས་ནས། དེའི་ཕ་མེས་དང་ཡང་མེས་རྣམས་ཀྱིས་ཀྱང་མ་བྱས་པ་དེས་བྱེད་པར་འགྱུར་རོ། བཅོམ་ནོར་དང་། ཕྲོག་ནོར་དང་། ནོར་དེ་དག་ལ་འགྱེད་པར། དུས་རེ་ཞིག་གི་བར་དུ་རྫོང་བཙན་པོ་རྣམས་ཀྱང་འཛིན་པའི་གྲོས་བྱ་སྟེ།
༢༥ དམག་དཔུང་ཆེན་པོ་དང་བཅས་སུ་ལྷོ་རྒྱལ་པོ་ལ་དམག་འདྲེན་དུ་རང་གི་སྟོབས་དང་སྙིང་དཀྲུག་པར་བྱའོ། ལྷོ་རྒྱལ་པོའང་དམག་དཔུང་ཆེ་ལ་ཤུགས་ཆེན་པོ་བཅས་འཐབ་མོ་བྱེད་དུ་དཀྲུག་པར་འགྱུར་ནའང་། ལུས་པར་མི་འགྱུར། ཅི་ལ་ཞེ་ན། དེ་དག་གིས་ཁོ་ལ་གནོད་པའི་གྲོས་བྱེད་འོང་། ༢༦ འོ་ན། དེའི་ཁ་ཟས་ཀྱི་ནང་ནས་ཟས་སྐལ་ཐོབ་པ་རྣམས་ཀྱིས་ཁོ་མེད་པར་བྱ་སྟེ། དེའི་དམག་དཔུང་ཆུ་བཞིན་ཡན་ཏེ། ཕལ་ཆེ་བ་བསད་དེ་འགྱེལ་བར་འགྱུར་རོ། ༢༧ རྒྱལ་པོ་འདི་གཉིས་པོའི་སྙིང་མི་རིགས་པར་བྱེད་པ་ལ་གཉེར་ཞིང་། ལྕོག་ཙེ་གཅིག་གི་རྩར་བསྡད་དེ་རྫུན་ཟེར་ཡང་། དེ་དག་གི་དོན་མི་འགྲུབ། གང་ལ་ཞེ་ན། མཐའ་མ་ནི་ཐག་བཅད་པའི་དུས་རང་ལ་འབབ་པར་འགྱུར་རོ། ༢༨ དེ་ནས་ཁོ་ནོར་ཆེན་པོ་བཅས་རང་ཡུལ་དུ་ལྡོག་ཅིང་། དེའི་སྙིང་གིས་དམ་པའི་ཞལ་ཆད་ལ་རྒོལ་ཞིང་། དེ་བཞིན་འགྲུབ་སྟེ། རང་ཡུལ་དུ་ལོག་པར་འགྱུར་རོ༎
༢༩ སྐོས་པའི་དུས་སུ་ཕྱིར་འཁོར་ཞིང་། ལྷོ་ཕྱོགས་སུ་འགྲོ་བར་བྱའོ། ཡང་ཕྱི་མ་འདི་ནི་སྔ་མ་དང་མི་འདྲ་བ་ཡོད་པར་འགྱུར་རོ། ༣༠ དེ་ཅིའི་ཕྱིར་ཞེ་ན། ཀི་ཐིམ་པའི་གྲུ་རྣམས་ཀྱིས་དེ་ལ་རྒོལ་བར་འོངས་པས། སེམས་ཁོངས་སུ་ཚུད་ཅིང་ཕྱིར་ལོག་པ་དང་། དམ་པའི་ཞལ་ཆད་ཀྱི་ཕྱོགས་སུ་དེའི་ཁོང་ཁྲོ་ལྡང་ཞིང་། དེ་བཞིན་གྲུབ་སྟེ། ལོག་འགྲོ་བར་འགྱུར་ཏེ། དམ་པའི་ཞལ་ཆད་སྤོང་བ་དག་དང་ཁ་འདྲིལ་བར་འགྱུར་རོ། ༣༡ དེའི་དམག་དཔུང་ཞིག་ལང་ནས། གཙང་ཁང་ངམ་རྫོང་བཙན་པོ་དེ་བརླགས་པར་བྱ་ཞིང་། རྒྱུན་མཆོད་གཅད་དེ། སྟོངས་བྱེད་ཀྱི་ཞེན་ལོག་དེ་དེར་བཞག་གོ། ༣༢ ཡང་ཞལ་ཆད་ལ་སྡང་ཞིང་རྔན་ཆེན་བྱེད་པ་རྣམས་ལ་ངོ་སྟོད་ཅིང་སླད་དུ་གཞུག་ཀྱང་། རང་གི་དཀོན་མཆོག་གི་ངོ་བཤེས་པ་རྣམས་སྟོབས་ཆེ་བར་གྱུར་ཏེ། ལས་རྣམས་བྱའོ། ༣༣ མི་བརྒྱུད་ཀྱི་ཁྲོད་ན་བློ་ལྡན་རྣམས་ཀྱིས་མང་པོ་ལ་གདམས་ངག་སྟོན་པར་བྱ། འོན་ཀྱང་དེ་དག་རལ་གྲི་དང་མེ་དང་བཙོན་དང་། འཕྲོག་བཅོམ་པའི་སྒོ་ནས་ཞག་མང་པོར་འཕུང་བཞིན་ལུས་འོང་། ༣༤ དེའང་དེ་དག་འཕུང་བར་གྱུར་པའི་ཚེ། ར་མདའ་ཉུང་ཙམ་ཞིག་བསླེབ་འོང་། འོན་ཀྱང་མང་པོས་གདོང་སྟོད་པའི་ངང་ནས་དེ་དག་དང་འདྲེ་བར་འགྱུར་རོ། ༣༥ ཡང་བློ་གྲོས་ཅན་ཁ་ཅིག་ནི་མཐའ་མ་མ་བསླེབ་པའི་བར་དུ་ཚོད་བཞེས་པ་དང་། འདག་པ་དང་དཀར་པོར་འགྱུར་བའི་ཕྱིར་འགྱེལ་བར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐག་བཅད་པའི་དུས་ལ་རག་ལས་པའི་ཕྱིར་རོ༎
༣༦ ཡང་རྒྱལ་པོ་དེས་རང་དགའ་བ་བཞིན་སྤྱད་ཅིང་། རང་སྤར་ནས་དཀོན་མཆོག་ཐམས་ཅད་པས་ང་ཆེའོ་ཞེས་སེམས་ཤིང་། དཀོན་མཆོག་རྣམས་ཀྱི་དཀོན་མཆོག་གི་དགྲར་ལྡང་ཞིང་། མི་རུད་བའི་ཚིག་རྣམས་ཟེར་བར་འགྱུར། ཐུགས་ཁྲོའི་དུས་མ་ཚང་བའི་བར་དུ་བདེ་འཇགས་སུ་གནས་ཀྱང་ཐག་ཆོད་པ་དེ་ངེས་པར་འབྱུང་བར་འགྱུར། ༣༧ རང་གི་ཕ་མེས་ཀྱི་ལྷའམ། བུད་མེད་ཀྱི་འདོད་པའི་ལྷ་ལའང་མི་རྟེན་ཞིང་། ལྷ་གང་ལའང་མི་རྟེན་པའི་སྟེང་དུ། ཚང་མ་བས་ང་རང་ཆེའོ་ཞེས་སེམས་པར་བྱའོ། ༣༨ འོན་ཀྱང་དེའི་ཚབ་ཏུ་རྫོང་ལྷ་ལ་བཀུར་ཞིང་། དེའི་ཕ་མེས་རྣམས་ལ་རྒྱུས་མེད་པའི་ལྷ་ཞིག་ལ་གསེར་དང་། དངུལ་དང་། རྡོ་བ་རིན་པོ་ཆེ་དང་། སྡུག་པའི་རྫས་རྣམས་ཀྱིས་མཆོད་པར་བྱའོ། ༣༩ དེས་རྫོང་བཙན་པོ་རྣམས་ཀྱི་ནང་ན་རྒྱལ་ཁམས་པའི་ལྷ་དང་མཉམ་འདི་ལྟར་བྱེད་ཅིང་། དེ་བརྟེན་པ་རྣམས་ལ་བཀུར་སྟི་ཆེན་པོ་བསྟེར་ཏེ། མང་པོའི་དཔོན་པོར་འཇུག་ཅིང་། རིན་ཐང་ཕྱིར་ས་གནས་འགྱེད་པར་འགྱུར།
༤༠ ཡང་དུས་ཀྱི་མཐའ་མར་ལྷོ་རྒྱལ་པོ་ནི་དེ་ལ་འཐབ་ཏུ་འོང་ཞིང་། བྱང་རྒྱལ་པོ་ཤིང་རྟ་དང་རྟ་པ་དང་། གྲུ་མང་པོ་དང་སྦྲག་ནས་རླུང་ཚུབ་ལྟ་བུར་དེའི་ཕྱོགས་སུ་ཆས་ཏེ། ཡུལ་རྣམས་སུ་ཞུགས་ཤིང་། རྒྱས་ཏེ་རྒྱུ་བར་འགྱུར་རོ། ༤༡ དཔལ་ལྡན་ཡུལ་དུའང་ཞུགས་ནས། མང་པོ་རློག་པར་བྱའོ། འོན་ཀྱང་ཨེ་དོམ་དང་། མོ་ཨབ་དང་། ཨམ་མོན་གྱི་བུ་ཆེ་གྲས་རྣམས་དེའི་ལག་ནས་ཐར་པར་འགྱུར་རོ། ༤༢ དེས་ཡུལ་རྣམས་ལ་ལག་པ་བརྒྱབ་ཅིང་། མི་སེར་ཡུལ་ཡང་མི་ཐར་བར། ༤༣ གསེར་དངུལ་གྱི་གཏེར་རྣམས་དང་། མི་སེར་ཡུལ་གྱི་བཟང་ནོར་ཚང་མ་ལ་དབང་བར་བྱ། ལིབ་ཡཱ་པ་དང་། ཀུས་པ་རྣམས་ཀྱང་དེའི་རྗེས་སུ་འབྲང་ཡང་། ༤༤ ཤར་ཕྱོགས་དང་། བྱང་ཕྱོགས་ཀྱི་ཕྲིན་རྣམས་ཀྱིས་དེ་འཁྲུགས་སུ་གཞུག དེའི་ཕྱིར་ཁོ་རབ་ཏུ་ཁྲོས་ནས་མང་པོ་གསོད་པ་དང་མེད་པར་བྱ་བའི་ཕྱིར་འཐོན་པར་འགྱུར་ཞིང་། ༤༥ རྒྱ་མཚོ་དང་དམ་པའི་རི་བོ་དཔལ་ལྡན་གྱི་མཚམས་སུ་རང་གི་ཁབ་ཀྱི་གུར་རྣམས་སྤུབ་པར་བྱའང་། རང་གི་ཚེ་ཚད་ལ་ཕྱིན་པ་དང་། དེ་ལ་ར་མདའ་བྱེད་པ་སུ་ཡང་འབྱུང་བར་མི་འགྱུར་རོ༎