༡༠
ཏ་ཟིག་རྒྱལ་པོ་ཀོ་རེས་ཀྱི་ལོ་ངོ་གསུམ་པར་བེལ་ཏེ་ཤ་ཙར་གྱི་མིང་དང་ལྡན་པའི་དཱ་ནི་ཨེལ་ལ་བྱ་བ་ཞིག་མངོན་པར་མཛད་བྱུང་། ཡང་བྱ་བ་དེའམ་དམག་ཆེན་པོ་དེ་བདེན་པའོ། ཡང་དེས་བྱ་བ་དེ་བསྒོམས་ཏེ། ཞལ་གཟིགས་ཀྱི་གསང་བ་རྟོགས་པར་གྱུར་ཏོ༎
 ཉིན་མོ་དེ་རྣམས་ན་བདག་དཱ་ནི་ཨེལ་བདུན་ཕྲག་ཧྲིལ་པོ་གསུམ་དུ་མྱ་ངན་གྱིས་གདུངས་ཏེ།  སེམས་མགུ་བའི་བག་ལེབ་ཀྱང་མ་བཟས། ངའི་ཁ་ནང་དུ་ཤ་དང་རྒུན་ཆང་ཡང་མ་བསླེབས། སྣུམ་ཡང་རྩ་བ་ནས་མ་བྱུག་པར་བདུན་ཕྲག་ཧྲིལ་པོ་གསུམ་འདས་ཏེ།
 ཟླ་བ་དང་པོའི་ཚེས་ཉི་ཤུ་བཞི་ལ་བདག་གཙང་པོ་ཆེན་པོ་ཏི་ཀེ་ལི་སི་ཡི་འགྲམ་ན་ཡོད་པ་ལས།  ངས་མིག་བཏེགས་ཏེ་བལྟས་པ་དང་། ཀྱེ་ཧོ། ཀ་ཤི་ཀའི་ན་བཟའ་དང་། སྐུ་རྐེད་ལ་ཨུ་ཕས་ཀྱི་གསེར་བཙོ་མའི་སྐ་རགས་གསོལ་བའི་སྐྱེས་བུ་ཞིག་ཡོད་དེ།  ཁོང་གི་སྐུ་ལུས་སུན་ན་རི་ལྟ་བུ་དང་། ཞལ་གདོང་ནི་གློག་ལྟ་བུ་དང་། སྤྱན་རྣམས་ནི་མར་མེ་འབར་བ་ལྟ་བུ་དང་། ཕྱག་ངར་དང་ཞབས་ཀྱི་མདངས་ནི་རག་ལྷག་གེ་བ་ལྟ་བུ་དང་། གསུང་གི་སྒྲ་ནི་མི་ཚོགས་ཀྱི་སྒྲ་ལྟ་བུ་ཡོད་པ་ཡིན་ཏེ།  ང་དཱ་ནི་ཨེལ་གཅིག་པུས་ཞལ་གཟིགས་དེ་མཐོང་གིས། ང་མཉམ་ཡོད་པའི་མི་ཚོགས་ཀྱིས་དེ་མ་མཐོང་། འོན་ཀྱང་དེ་དག་ལ་འདར་ཡམ་ཆེན་པོ་ཞིག་བྱུང་བས། རེ་རང་ཡིབ་ཏུ་བྲོས་ནས།  ང་གཅིག་པུར་ལུས། ཞལ་གཟིགས་ཆེན་པོ་དེ་མཐོང་བ་དང་། ངའི་ཉམས་སྟོབས་ཟད་ནས། ངའི་བཀྲག་མདངས་ང་རང་གི་ནང་ན་མི་སྡུག་པ་རུ་གྱུར་ཏེ། ཉམས་སྟོབས་ཅིའང་མ་ལུས།  དེ་ནས་ཀྱང་ངས་དེའི་གསུང་གི་སྒྲ་ཐོས། ཁོང་གི་གསུང་གི་སྒྲ་ཐོས་པའི་ཚེ་ང་ས་ལ་ཁ་འབུབ་ཏུ་གཉིད་ལྕི་བའི་ནང་ན་ཡོད་པ་ཡིན།
༡༠ ཡང་ལྟོས་ཤིག ཕྱག་ཅིག་གིས་ང་ལ་རེག་ཅིང་། ངའི་པུས་མོ་དང་ལག་མཐིལ་ཁར་བསླངས་ནས། ༡༡ དེས་བདག་ལ། ཀྱེ་དཱ་ནི་ཨེལ། སྐྱེས་བུ་རབ་ཏུ་གཅེས་པ། ངས་གླེང་བའི་ཚིག་རྣམས་རྟོགས་ལ། ཀེ་རེ་ལོངས་ཤིག དེ་ཅིའི་ཕྱིར་ཞེ་ན། ཁྱེད་རྩར་ང་ད་ལྟ་མངགས་པ་ཡིན་ཞེས་སྨྲས་པ་དང་། དེས་ཚིག་དེ་སྨྲས་པའི་དུས་སུ་ང་འདར་བཞིན་ལངས་པ་དང་། ༡༢ དེས་ང་ལ། ཀྱེ་དཱ་ནི་ཨེལ། མ་འཇིགས་ཤིག གང་ལ་ཞེ་ན། ཁྱེད་ཀྱིས་རྟོགས་པ་དང་། རང་གི་དཀོན་མཆོག་གི་སྤྱན་སྔར་རང་སྨད་དུ་བློ་བཅུག་པའི་ཞག་དང་པོ་ཚུན་ཆད། ཁྱེད་ཀྱི་ཚིག་རྣམས་གསན་པར་གྱུར་ཏེ། ང་ནི་ཁྱེད་ཀྱི་ཚིག་རྣམས་ཀྱི་ཕྱིར་འོངས་སོ། ༡༣ འོན་ཀྱང་ཏ་ཟིག་ཡུལ་ཁམས་ཀྱི་དཔོན་པོ་དེ་ཉིན་ཞག་ཉེར་གཅིག་གི་བར་དུ་ངའི་དགྲར་ལྡངས་ཀྱང་། ཀྱེ་ཧོ། དཔོན་པོ་རྣམས་ཀྱི་ནང་ན་ཆེ་བའི་མི་ཀ་ཨེལ་ངའི་ར་མདར་འོངས་པ་དང་། ང་ཏ་ཟིག་རྒྱལ་པོ་རྣམས་དང་མཉམ་དུ་དེར་བསྡད་དོ། ༡༤ ད་ལྟ་ནི་མ་འོངས་པའི་ཉིན་མོ་རྣམས་ན་ཁྱེད་ཀྱི་མི་བརྒྱུད་ལ་ཅི་དང་ཅི་འབྱུང་བར་འགྱུར་བ་ཁྱེད་ལ་སྟོན་དུ་ང་འོངས་སོ། དེ་ཅིའི་ཕྱིར་ཞེ་ན། ཞལ་གཟིགས་འདི་ནི་ད་དུང་ཉིན་མང་པོའི་ཕྱིར་ཡིན་ནོ་ཞེས་སྨྲས་སོ། ༡༥ ཡང་དེས་ང་ལ་དེ་ལྟར་གྱི་ཚིག་སྨྲས་པའི་ཚེ། ངས་ཁ་འབུབ་ལོག་པ་དང་། ལྐུག་པར་གྱུར་ཏོ། ༡༦ ཡང་ལྟོས་ཤིག མིའི་བུ་རྣམས་དང་འདྲ་བ་ཞིག་གིས་ངའི་ཁ་ལྤགས་ལ་རེག་པ་ལས། ངས་ཁ་ཕྱེས་ཏེ་རང་གི་མདུན་དུ་ལངས་པ་དེ་ལ། ཀྱེ་ངའི་ཇོ་བོ། ཞལ་གཟིགས་འདིའི་སྒོ་ནས་ངའི་ཁོང་འཁྲུགས་རྣམས་ཀྱིས་ང་ལ་རུབ་ནས། ཉམས་སྟོབས་ཅིའང་མ་ལུས། ༡༧ ངའི་ཇོ་བོ་འདིའི་བྲན་པོ་འདིས་ངའི་ཇོ་བོ་འདི་ལ་གཏམ་གླེང་བ་ཇི་ལྟར་རུང་ཞེས་ཞུས་པ་ཡིན། ང་ནི་དེ་མ་ཐག་ཏུ་སྟོབས་ཟད་ནས། དབུགས་ཀྱང་ངའི་ནང་མ་ལུས་སོ༎
༡༨ དེ་ནས་ཡང་མིའི་དབྱིབས་འདྲ་བ་ཞིག་འོངས་ནས། ང་ལ་རེག་ཅིང་སྟོབས་བཅུག་སྟེ། ༡༩ འདི་སྐད་དུ། སྐྱེས་བུ་རབ་ཏུ་གཅེས་པ། མ་འཇིགས་ཤིག ཞི་བདེ་བར་གྱུར་ཅིག སྟོབས་དང་ལྡན་པར་གྱུར་ཅིག འོ་ན། སྟོབས་དང་ལྡན་པར་གྱུར་ཅིག ཅེས་དེས་སྨྲས་པ་དང་། ང་ལ་སྟོབས་བསྐྱེད་ནས་ངས་དེ་ལ། ངའི་ཇོ་བོ། ད་གསུང་དུ་གསོལ། གང་ལ་ཞེ་ན། ཁྱེད་རང་གིས་ང་ལ་སྟོབས་བཅུག་པའི་ཕྱིར་ཞེས་ཞུས་པ་དང་། ༢༠ དེས་འདི་སྐད་དུ། ཁྱེད་རྩར་ང་ཅི་ལ་འོངས་པ་ཤེས་སམ། ད་ལྟ་ཏ་ཟིག་གི་དཔོན་པོ་ལ་འཐབ་ཕྱིར་ང་ལོག་འགྲོ་སྟེ། ང་ཕར་ཆས་པའི་འོག་ཏུ། ལྟོས་ཤིག ཧེལ་ལེན་གྱི་དཔོན་པོ་འོང་བར་འགྱུར་རོ། ༢༡ འོན་ཀྱང་བདེན་པའི་གསུང་རབ་ན་བྲིས་པ་དེ་ངས་ཁྱེད་ལ་སྟོན་པར་བྱའོ། དེ་དག་དང་འཐབ་ཏུ་ང་ལ་ར་མདའ་བྱེད་ཕོད་པ་ནི་ཁྱེད་ཀྱི་དཔོན་པོ་མི་ཀ་ཨེལ་ལས་གཞན་གང་ཡང་མེད་དོ༎