ཙི་ཨོན་ན་དུང་ཕུས་ལ། ངའི་རི་དམ་པར་སྒྲ་དང་སྐད་ཆེན་པོས་སྒྲོགས་ཤིག་དང་། ཡུལ་མི་ཀུན་འདར་དུ་ཆུག ཡ་ཧོ་ཝཱའི་ཉིན་མོ་དེ་འབྱོན་གྱིན་གདའ། འོ་ན། འབྱོན་དུ་ཉེ།  མུན་པ་དང་འཐིབས་པའི་ཉིན་མོ་དང་། གནམ་འཁོར་ཞིང་སྤྲིན་དཀྲིགས་པའི་ཞག་དང་། རིའི་ཁར་སྐྱ་འོད་ཡོད་པའི་ཉིན་མོའོ། དཔུང་ཚོགས་ཆེ་ལ་ཤུགས་དང་ལྡན་པ། དེ་དང་འདྲ་བ་སྔར་ནམ་ཡང་མ་བྱུང་། ཕྱིས་སུའང་མི་རབས་ནས་མི་རབས་སུ་དེ་ལྟར་ནམ་ཡང་འབྱུང་བར་མི་འགྱུར་རོ༎
 དེ་དག་གི་མདུན་ན་ཟ་བའི་མེ་དང་། རྒྱབ་ན་སྲེག་བྱེད་ཀྱི་མེ་ལྕེ་འདུག མདུན་ལོགས་སུ་ས་གཞི་ཨེ་དེན་ཚལ་དང་། རྒྱབ་ན་འབྲོག་སྟོང་པ་ཞིག་འདུག་གོ། འོ་ན། དེ་དག་ལས་ཅིའང་མ་ཐར།  དེ་དག་གི་བྱད་ནི་རྟ་རྣམས་ཀྱི་བྱད་དང་། རྟ་པ་བཞིན་དུ་དེ་དག་རྒྱུག  ཤིང་རྟའི་སྒྲ་བཅས་དེ་དག་རི་རྩེ་རྣམས་ལ་མཆོང་སྟེ། ལྷབ་ལྷབ་འབར་བའི་མེ་ལྕེས་སོག་རོ་ཟ་བ་དང་འདྲ་བའི་སྒྲ་དང་། འཐབ་མོའི་ནང་གྲལ་བཀོད་ཅིང་ཡོད་པའི་མི་བརྒྱུད་མཐུ་ལྡན་པ་དང་འདྲའོ།  དེ་དག་གི་ངོར་མི་རྣམས་འདར་ཞིང་ངོ་གདོང་ཐམས་ཅད་ཀྱི་གདོད་རྩི་འཁྱེར་རོ།  གྱད་པ་ལྟར་རྒྱུག་ཅིང་། དམག་གི་སྐྱེ་བོ་བཞིན་དུ་རྩིག་པར་འཛེག རེ་རང་གི་ལམ་རྣམས་སུ་ཕྱིན་ཏེ་གྲལ་མི་འཆོལ།  གཅིག་གིས་གཅིག་མི་འཕུལ་བར་རེ་རང་གི་ལམ་ན་འདོང་། མཚོན་ཆ་དང་ཐུག་ནའང་མི་སྣད།  གྲོང་ཁྱེར་ན་ཕན་ཚུན་རྒྱུག་ཅིང་། རྩིག་པར་མཆོང་ཞིང་ཁང་པ་རྣམས་ཀྱི་ནང་དུ་འཛེག རྐུན་མ་ལྟར་དཀར་ཁུང་རྣམས་ནས་འཛུལ། ༡༠ དེ་དག་གི་མདུན་དུ་ས་འདར་ཞིང་ནམ་མཁའ་རྣམས་འགུལ་ཉི་མ་དང་ཟླ་བ་འགྲིབ། སྐར་མ་རྣམས་ཀྱིས་རང་འོད་སྣང་འཕྲོ་གཅོད། ༡༡ ཡ་ཧོ་ཝཱས་ཉིད་ཀྱི་དམག་དཔུང་གི་མདུན་དུ་གསུང་སྐད་འདོན། ཁོང་གི་དམག་སྒར་རབ་ཏུ་རྒྱ་ཆེའོ། དེ་ཅིའི་ཕྱིར་ཞེ་ན། ཁོང་གི་བཀའ་སྒྲུབ་མཁན་དེ་ནི་མཐུ་དང་ལྡན་པའོ། གང་ལ་ཞེ་ན། ཡ་ཧོ་ཝཱའི་ཉིན་མོ་རབ་ཏུ་ཆེ་ལ་ཤིན་ཏུ་འཇིགས་སུ་རུང་བ། སུས་དེ་བཟོད་པར་ནུས།
༡༢ ད་ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་རང་སྨྱུང་བ་ལ་གནས་ཏེ། ངུ་ཞིང་ཆོ་ངེས་བྱེད་ཅིང་སྙིང་ཚང་མ་བདག་གི་ཕྱོགས་སུ་སྒྱུར་ཞིག ༡༣ རང་གི་གོས་མི་ཧྲལ་བར། སྙིང་ཧྲོལ་ཞིག ཡ་ཧོ་ཝཱ་ཁྱོད་རང་གི་དཀོན་མཆོག་གི་ཕྱོགས་སུ་ལོག་ཤོག་ཅེས་གསུང་ངོ་། ཅི་ལ་ཞེ་ན། ཁོང་ནི་བཀའ་དྲིན་དང་ཐུགས་བརྩེ་བ་དང་ལྡན་ཏེ། ཐུགས་ཁྲོ་དལ་ཞིང་རབ་ཏུ་ཐུགས་རྗེ་ཅན་དང་། རྐྱེན་ངན་གཏོང་བ་ལ་ཐུགས་འགྱོད་དོ། ༡༤ སུས་ཤེས། ཡ་ཧོ་ཝཱ་ཁྱོད་རང་གི་དཀོན་མཆོག་གི་ཚོགས་མཆོད་དང་གསེར་སྐྱེམས་སུ་འགྱུར་བའི་ཕྱིར་ཁོང་བསྒྱུར་ཏེ་ཐུགས་འགྱོད་ཅིང་། ཁོང་རང་གི་འགབ་ཏུ་བྱིན་རླབས་འཇོག་པའང་སྲིད་དོ༎
༡༥ ཙི་ཨོན་ན་དུང་ཕུས་ལ། སྨྱུང་གནས་ཀྱི་ཕྱིར་ཞག་ཅིག་དམ་པར་བྱོས། འདུན་མ་དམ་པའི་ཕྱིར་བོས་ཤིག ༡༦ མི་སྡེ་སྡུས་ལ། ཆོས་ཚོགས་དམ་པར་བྱོས། རྒན་རབས་རྣམས་སྡུས་ལ། ཕྲུ་གུ་དང་འོ་འཐོང་རྣམས་ཀྱང་སྡུས་ཤིག བག་ཕོ་རང་གི་ནང་མིག་དང་། བག་མ་རང་གི་ཟུར་ཚང་ནས་ཕྱི་རུ་བྱུང་ཞིག ༡༧ ཡ་ཧོ་ཝཱའི་ཞབས་ཏོག་པ་བླ་མ་རྣམས་སྒོ་ཁང་དང་མཆོད་ཁྲིའི་མཚམས་སུ་ངུ་ཞིང་། ཀྱེ་ཡ་ཧོ་ཝཱ། ཉིད་ཀྱི་མི་སྡེ་ལ་བརྩེ་བར་མཛོད་ཅིག་དང་། ཉིད་ཀྱི་ནོར་སྐལ་ལ་སྨད་པ་དང་། ཕྱི་པས་དེ་དག་ལ་སྲིད་བྱེད་པ་དང་། དེ་དག་གི་དཀོན་མཆོག་ག་ན་ཡོད་ཅེས་མི་བརྒྱུད་རྣམས་ཀྱི་དཀྱིལ་ན་ཅིའི་ཕྱིར་སྨྲ་རུ་གནང་། ཞེས་ཞུ་རུ་ཆུག་ཅིག
༡༨ དེའི་ཚེ་ཡ་ཧོ་ཝཱས་ཉིད་ཀྱི་ཡུལ་ཁམས་ཀྱི་ཕྱིར་འགྲན་སེམས་སྐྱེས་ཏེ། ཉིད་ཀྱི་མི་སྡེ་ལ་ཐུགས་བརྩེ་བར་དགོངས་ཏེ། ༡༩ ཡ་ཧོ་ཝཱས་ཉིད་ཀྱི་མི་སྡེ་ལ་བཀའ་ལན་གནང་ཞིང་འདི་སྐད་དུ། ལྟོས་ཤིག ངས་ཁྱོད་ལ་འབྲུ་དང་རྒུན་ཆང་དང་འབྲུ་མར་བརྫང་བ་དང་། ཁྱོད་ཅག་དེས་ཚིམ་པར་འགྱུར་ཏེ། སླར་ངས་ཁྱོད་ཅག་ཕྱི་པའི་ཁྲོད་དུ་དམའ་འབེབས་པར་མི་བྱ་ཞིང་། ༢༠ བྱང་གི་དམག་དཔུང་ཁྱོད་ལས་རྒྱང་རིང་དུ་བསྐྲད་དེ། ས་སྟོང་དང་འབྲོག་སྟོང་དུ་འདེད་ཅིང་། དེའི་ཁོག་སྟོད་ཤར་རྒྱ་མཚོ་དང་། ཁོག་སྨད་ནུབ་རྒྱ་མཚོའི་ནང་དུ་འདེད་པ་དང་། དེ་ལས་དྲི་མ་བྱུང་ནས་དྲི་ངན་ལང་བར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཧ་ཅང་ཆེ་བ་ཡོད་པའི་ཕྱིར་རོ། ༢༡ ཀྱེ་ཡུལ་ཁམས་མ་འཇིགས་པར་ཡི་རངས་ཤིག ཅི་ལ་ཟེར་ན། ཡ་ཧོ་ཝཱས་མཛད་པ་ཆེན་པོ་རྣམས་བསྒྲུབ་བོ། ༢༢ ཐང་གའི་དུད་འགྲོ་ཁྱོད་ཅག་མ་འཚབས་ཤིག དེ་ཅིའི་ཕྱིར་ཞེ་ན། འབྲོག་སྟོང་གི་རྩྭ་ཁ་ནི་སྐྱེ་ཞིང་། རྩི་ཤིང་ལ་ཤིང་ཐོག་ཆགས་ཏེ། སེ་ཡབ་ཤིང་དང་རྒུན་ཤིང་གིས་རང་ཤུགས་ཕྱི་རུ་འབྱིན་ནོ། ༢༣ དེ་བས་ན་ཀྱེ་ཙི་ཨོན་གྱི་ཕྲུ་གུ་ཁྱོད་རྣམས་དགའ་བར་གྱུར་ཅིག ཡ་ཧོ་ཝཱ་ཁྱོད་རང་གི་དཀོན་མཆོག་གི་ནང་ན་སྤྲོ་བ་སྐྱེད་ཅིག དེ་ཅིའི་ཕྱིར་ཞེ་ན། ཆར་པ་སྔ་མ་ཁོང་གིས་གནང་ཞིང་། སྔར་བཞིན་སྔ་ཕྱིའི་ཆར་རྒྱུན་གྱི་ཆར་ཆུ་ཚོད་མཛད་ནས་རྫང་བར་མཛད་པ་དང་། ༢༤ གཡུལ་འཐག་གྲོ་ཡིས་འགེང་ཞིང་། འཆག་གཞོང་རྣམས་ལས་རྒུན་ཆང་དང་འབྲུ་མར་ལུད་པར་འགྱུར། ༢༥ ཆ་ག་འབུའམ་ཟ་མཁན་དང་། མིད་མཁན་དང་ལྡག་མཁན་ཞེས་ན། ངས་ཁྱོད་རྣམས་ཀྱི་དཀྱིལ་དུ་བཏང་བའི་དམག་ཚོགས་ཆེན་པོ་དེས་བཟས་པའི་ལོ་རྣམས་ཀྱི་ཚབ་གསབ་བོ། ༢༦ ཡང་ཁྱོད་མང་དུ་ཟ་ཞིང་ཚིམ་པར་འགྱུར་ཏེ། ཁྱོད་ལ་ངོ་མཚར་གྱིས་གཟིགས་པའི་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་མཚན་ལ་སྟོད་བསྔགས་པར་བྱའོ། དེའང་ངའི་མི་སྡེ་ནམ་ཡང་སྐྱེངས་པར་མི་འགྱུར་རོ། ༢༧ ཁོ་བོ་ཨིས་ར་ཨེལ་གྱི་ཁྲོད་ན་བཞུགས་པ་དང་། ཁྱོད་ཀྱི་དཀོན་མཆོག་ལགས་པའི་ཡ་ཧོ་ཝཱ་ཁོ་བོ་མ་གཏོགས་པར་གཞན་དཀོན་མཆོག་གང་ཡང་མེད་པ་ཁྱོད་ཀྱིས་ངོ་འཕྲོད་པར་འགྱུར་ཞིང་། ངའི་མི་སྡེ་ནམ་ཡང་སྐྱེངས་པར་མི་འགྱུར་རོ༎
༢༨ དེའི་འོག་ཏུ་འབྱུང་རྒྱུ་ནི། ངས་ཉིད་ཀྱི་ཐུགས་ཉིད་ལས་ཤ་ཡོད་དོ་ཅོག་ལ་འབེབས་པར་བྱ་བ་དང་། ཁྱོད་ཀྱི་བུ་དང་བུ་མོ་རྣམས་ཀྱིས་ལུང་བསྟན་ཞིང་། རྒན་པོ་རྣམས་ཀྱིས་རྨི་ལམ་རྣམས་རྨི་ཞིང་། གཞོན་ནུ་རྣམས་ཀྱིས་ཞལ་གཟིགས་རྣམས་མཐོང་བར་འགྱུར། ༢༩ ཉིན་མོ་དེ་རྣམས་ན་ངས་ཉིད་ཀྱི་ཐུགས་ཉིད་བྲན་པོ་དང་བྲན་མོ་རྣམས་ལའང་དབབ་བོ། ༣༠ ཡང་ནམ་མཁའ་རྣམས་དང་ས་ལ་ངས་ངོ་མཚར་ཕྲིན་ལས་མངོན་དུ་བྱ། ཁྲག་དང་མེ་དང་དུ་བའི་ཀ་བ་རྣམས་སོ། ༣༡ ཉི་མ་ནི་མུན་ནག་དང་ཟླ་བ་ནི་ཁྲག་ཏུ་འགྱུར་ཞིང་། དེའི་འོག་ཏུ་ཡ་ཧོ་ཝཱའི་ཉིན་མོ་ཆེ་ལ་འཇིགས་སུ་རུང་བ་དེ་འབབ་པར་འགྱུར་རོ། ༣༢ དེའང་སུས་ཀྱང་ཡ་ཧོ་ཝཱའི་མཚན་བརྗོད་པ་དེ་ཐར་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་གསུངས་པ་བཞིན་དུ། རི་བོ་ཙི་ཨོན་དང་ཡེ་རུ་ཤ་ལེམ་ན་ཐར་པ་དང་། ལྷག་མའི་ནང་ནས་ཡ་ཧོ་ཝཱས་འབོད་པར་མཛད་པ་རྣམས་ལུས་པར་འགྱུར་བའི་ཕྱིར་རོ༎